བོད་མི་གང་བྱུང་འཛིན་བཟུང་།


2013.07.25
གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱི་སྐུ་ཕུང་གི་འདྲ་པར་གསར་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲིས།

༄༅།    །བོད་ནས་གནས་ཚུལ་འབྱོར་དོན། ཉེ་བའི་ཟླ་༧པའི་ཚེས་༢༠ཉིན་ཟི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་རྗེས། རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་གིས་སྔ་རྗེས་སུ་མཛོད་དགེ་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དང་། སོག་ཚང་ཡུལ་ཚོའི་ཡུལ་མི་རྣམས་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པ་དང་། ད་བར་སྔ་ཕྱིར་བསྡོམས་པས་ཉུང་མཐར་ཡང་བོད་མི་དྲུག་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་བ་ཤེས་རྟོགས་བྱུང་། དེ་དག་ནི། དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་བའི་སྟེ་ཚེས་༢༠ཉིན་གྱི་ མཚན་མོར། དགེ་འདུན་པ་བསྟན་འཛིན་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་བ་དང་། ཕྱི་ཚེས་༢༡་ཉིན་གྱི་མཚན་མོའི་དུས་ཚོད་༡༠་པ་ཙམ་ལ་སོག་ཚང་དགོན་པའི་དགེ་འདུན་ པ་དཔལ་ལྡན་རྒྱ་མཚོ་ གློ་བུར་འཛིན་བཟུང་བཙན་ཁྲིད་བྱས། ཚེས་༢༣ ཉིན་གྱི་ཞོགས་པ་སྔ་མོ་ནམ་མ་ལངས་གོང་སངས་རྒྱས་དཔལ་ལྡན་བཙན་ཁྲིད་བྱས། དེ་བཞིན་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱི་དགེ་རྒན་དང་། ཨ་མ། སྤུན་མཆེད་སོགས་ཕྱི་ཚེས་༢༡ གི་དགོང་དྲོར་འཛིན་བཟུང་གིས་འདྲི་རྩད་ནན་མོ་བྱས་བའི་རྗེས་ཚེས་༢༢ཉིན་གྱི་ ཞོགས་པ་སྔ་བོར་གློད་འདུག་པ་སོགས་ཉིན་ཤས་ནང་ཐང་སྐོར་དགོན་གྲོང་གཉིས་ཀྱི་སྐྱ་ སེར་བོད་མི་ཉུང་མཐར་ཡང་༡༤ཙམ་གཞུང་གིས་འཛིན་བཟུང་དང་། དུས་ཡུན་འདྲ་མིན་ལ་བཀག་གཉེར་། འདྲི་རྩད་སོགས་བྱས་ཡོད་པའི་ཁོངས་ནས་བོད་མི་དྲུག་ཙམ་ཁོང་ཚོའི་ནང་མི་དང་། གཉེན་ཉེ། དེ་བཞིན་དགོན་གྲོང་ཡོངས་ཀྱིས་ཁོང་ཚོ་གར་ཁྲིད་མ་ཤེས་པར་སེམས་ཁྲལ་བྱེད་བཞིན་ ཡོད་འདུག
དེ་བཞིན་དཀོན་མཆོག་བསོད་ནམས་ལགས་སྐུ་བསྲེགས་མ་གནང་གོང་གི་ཟླ་འདིའི་ཚེས་༧ཉིན་རྒྱ་གཞུང་གིས་རྒྱུ་མཚན་གསལ་བཤད་མེད་པར་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་ པའི་གྲྭ་དགེ་ལེགས་ཆོས་འཕེལ་དང་། གྲྭ་བློ་བཟང་ཆོས་འབྱོར། ཐང་སྐོར་རུ་ཁག་གཉིས་པའི་མི་སྐྱ་སྐལ་བཟང་དབྱིག་གཉེན་བཅས་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་རྗེས་ཁོང་རྣམས་ཀྱི་གནས་སྟངས་དང་། དེ་བཞིན་ས་གནས་གང་ཞིག་ཏུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད།
གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་རྒྱ་ ནག་གཞུང་གིས་ས་གནས་སུ་བརྡ་ལམ་བཀག་ཡོད་པ་དང་མཛོད་དགེ་ཐང་སྐོར་ཞང་དུ་དམག་མི་ དང་ཉེན་རྟོག་པ་ཕོན་ཆེན་འགྲེམས་འཇོག་བྱས་ཏེ། ད་ཆར་ས་གནས་དགོན་གྲོང་གཉིས་དམ་དྲག་ཁྲོད་ལྷག་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎