བོད་མི་ཚོས་ནང་ཁུལ་ཆོལ་ཞེན་འཐེན་འཁྱེར་སྤངས་ཏེ་བོད་སྤྱི་པའི་ལས་དོན་ཐོག་འབད་དགོས་པ་སྲིད་སྐྱོང་མཆོག་གིས་སྐུལ་ལྕགས་གནང་།

2021-04-06
Share
བོད་མི་ཚོས་ནང་ཁུལ་ཆོལ་ཞེན་འཐེན་འཁྱེར་སྤངས་ཏེ་བོད་སྤྱི་པའི་ལས་དོན་ཐོག་འབད་དགོས་པ་སྲིད་སྐྱོང་མཆོག་གིས་སྐུལ་ལྕགས་གནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས། ༤།༦།༢༡
པདྨ་དངོས་གྲུབ།/RFA

སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཁོང་གི་སྲིད་སྐྱོང་གི་ལས་ཡུན་རིང་རྒྱལ་སྤྱི་དང་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་ཡོད་པ་རྒྱ་གར་ལྷོ་ཕྱོགས་ནས་གཏམ་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་སྲིད་སྐྱོང་གི་ལས་ཡུན་སྐབས་གཉིས་རྫོགས་ལ་ཉེ་བ་དང་བསྟུན། ད་སྐབས་ཁོང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ནང་སྐོར་བསྐྱོད་ཀྱིས་མི་མང་ལ་ཐུགས་རྗེ་ཆེའི་གཏམ་བཤད་གནང་བཞིན་པ་ལྟར། འདི་ཚེས་༦ཉིན་སྦེ་ལ་ཀོ་པི་གཞིས་སྤྱིའི་རྒྱལ་བའི་ཕོ་བྲང་དུ་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་བོད་མི་མང་ཚོགས་ལ་གསུང་བཤད་གནང་སྐབས། ཁོང་གི་སྲིད་སྐྱོང་གི་ལས་ཡུན་རིང་རྒྱལ་སྤྱི་དང་རྒྱ་གར་ནང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་པ་སོགས་ཀྱི་ལས་དོན་གྲུབ་འབྲས་ཐོན་ཡོད་པ་འགྲེལ་བརྗོད་གནང་བ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན། གཞན་ཡང་ལས་ཁུངས་འཛུགས་བསྐྲུན་སོགས་ཀྱི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པའི་གྲུབ་འབྲས་ཁག་ངོ་སྤྲོད་གནང་ཡོད་པ་རེད།
དེ་བཞིན་ཡང་སྲིད་སྐྱོང་མཆོག་གིས། བོད་མི་ཚོས་བོད་མི་ནང་ཁུལ་སྡེ་ཁག་དང་ཆོལ་ཞེན་འཐེན་འཁྱེར་སོགས་སྤངས་ཏེ་བོད་སྤྱི་པའི་ལས་དོན་གྱི་ཐོག་དོ་སྣང་འགན་འཁུར་བཞེས་དགོས་པའི་སྐུལ་ལྕགས་གནང་སོང་།
སྐབས་དེར་སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོར་གནས་སྡོད་པ་སངས་བྱུང་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་སྲིད་སྐྱོང་གི་ལས་ཡུན་སྐབས་གཉིས་རིང་ཕྱག་ལས་གནང་བ་ལ་ལེགས་ཉེས་གཉིས་ཀྱི་བསམ་ཚུལ་བྱུང་བ་དང་། ལེགས་པའི་ཆ་ནི། ཕྲུ་གུའི་ཤེས་ཡོན་དང་། མང་ཚོགས་ཀྱི་འཕྲོད་བསྟེན། འཛུགས་བསྐྲུན་ལས་གཞི། གསར་འབྱོར་ལ་སྡོད་ཁང་གསར་རྒྱག་སོགས་ཕྱོགས་མང་པོ་ནས་ཡག་པོ་བྱུང་ཡོད་པ་དང་། ཉེས་བའི་ཆ་ནི། བཙན་བྱོལ་བོད་མི་ཚོ་ཆིག་སྒྲིལ་གྱི་ཕྱོགས་སུ་ཁྲིད་མ་ཐུབ་པ་དང་། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དུས་ཐོག་ལན་འདེབས་གསལ་བཤད་མ་ཐུབ་པ། ཁོང་ཐོག་མར་སྲིད་སྐྱོང་འོས་མིར་བཞེངས་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་གདན་འདྲེན་ཞུ་རྒྱུ་ཡིན་གསུང་པ་སོགས་ཀྱི་ལས་དོན་ཁག་ཅིག་སྒྲུབ་ཐུབ་མེད་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཡང་སྦེ་ལ་ཀོ་པི་ལུགས་བསམ་གཞིས་ཆགས་ཀྱི་ཀུན་དགའ་རྒྱལ་མཚན་ལགས་ཀྱིས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་ལས་ཡུན་རིང་བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་དྲིལ་བསྒྲགས། ཨ་རི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་བྱུང་བ་སོགས་ཀྱི་གྲུབ་འབྲས་བྱུང་ཡོད་པ་བསམ་ཚུལ་བརྗོད་བྱུང་།
ད་ལན་སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་འཚམས་གཟིགས་ཐོག་མ་དེ་ཀོ་ལེ་གྷལ་དང་། དེ་ནས་ཧོན་སུར། སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་བཅས་ཀྱི་ནང་། ད་ལྟ་འགྲོ་བཞིན་པའི་ལས་གཞི་ཁག་ལ་རྟོགས་ཞིབ་གནང་བ་དང་སྦྲགས། གཞིས་ཁུངས་སོ་སོའི་བོད་མི་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་པར་ཐུག་འཕྲད་དང་གཏམ་བཤད་གནང་བ་མ་ཟད།
ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་སྤྱི་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་མཛད་སྒོར་ཚོགས་ཞུགས་གནང་ཡོད་པ་རེད་ལ། འདི་ཚེས་༦ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་ཐོན་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།