སྲིད་སྐྱོང་མཆོག་༢༠༠༠ལོའི་གླེང་སྟེགས་ལྷན་ཚོགས་ཐོག་མཉམ་ཞུགས།

2018-10-08
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་༢༠༠༠ལོའི་གླེང་སྟེགས་ལྷན་ཚོགས་ཐོག་མཉམ་ཞུགས།2018/10/7
སྲིད་སྐྱོང་མཆོག་༢༠༠༠ལོའི་གླེང་སྟེགས་ལྷན་ཚོགས་ཐོག་མཉམ་ཞུགས།2018/10/7
Sikyong/FB

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱག་(Prague) ནང་ཚོགས་བཞིན་པའི་༢༠༠༠ལོའི་གླེང་སྟེགས་ཞེས་པའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་བཅུ་པའི་ཚེས་༧ ནས་༩བར་ཉིན་གསུམ་རིང་ཚོགས་བཞིན་པའི་༢༠༠༠ ལོའི་གླེང་སྟེགས་ཞེས་པའི་ལྷན་ཚོགས་ཐེངས་༢༢ པའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། ཚེས་༧ ཉིན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཞུགས་པ་དང་ཕྱི་ཚེས་༨ ཉིན་ཚོགས་ཆེན་དངོས་གཞིའི་ཐོག་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ཁ་གཏད་ཇི་ལྟར་བཅོག་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གི་ངོ་དེབ་ཐོག་ཏུ་བཀོད་འདུག
སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་འཆར་གཞིའི་སྐོར་གཏམ་བཤད་གནང་སྐབས། ༡༩༥༩ ལོར་རྒྱ་ནག་གིས་བོད་ནང་ལམ་གཅིག་གི་འཛུགས་སྐྲུན་བྱས་ཏེ་བོད་ཐོག་བཙན་འཛུལ་བྱས་པའི་ལོ་རྒྱུས་སྐོར་དྲན་གསོ་གནང་སྟེ། ཡོ་རོབ་ཀྱང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་འོག་བོད་ལ་བྱུང་བའི་གནས་སྟངས་ལྟར་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁ་ཡོད་པ་གསུངས་ཤིང་། ད་དུང་ཁོང་གིས་བོད་ལ་རྒྱབ་སྐྱོབ་བྱེད་པ་ནི་འཚེ་མེད་ཞི་བ་དང་། གྲོས་མོལ། རང་དབང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོར་རྒྱབ་སྐྱོར་བྱེད་པ་ཞིག་ཡིན་པ་གསལ་བཤད་གནང་པ་དང་།  བོད་མིའི་འཚེ་མེད་ཞི་བ་དང་། གྲོས་མོལ་གྱི་ཐབས་ལམ་དེ་ནི་འཛམ་གླིང་ནང་དམག་མིའི་དབང་ཤུགས་དང་དྲག་སྤྱོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་མིག་དཔེ་བལྟ་ཡུལ་གྱི་དཔེ་མཚོན་ཡག་ཤོས་ཡིན་པར་བརྟེན་མིག་དཔེ་བཟང་པོ་དེར་རྒྱབ་སྐྱོར་མ་བྱས་ཚེ། རྙོག་གྲ་སེལ་ཐབས་ཀྱི་དྲག་པོའི་བྱ་སྤྱོད་ཀྱི་ཐབས་ལམ་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་མཚོན་སྲིད་རྒྱུ་ཡིན་པ་གསུངས་འདུག
༢༠༠༠ ལོའི་འདི་ལོའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི་དམངས་གཙོ་ཞེས་པ་ཡིན་ཞིང་། དམངས་གཙོ་ནི་གནས་སྟངས་གཉན་འཕྲང་དེའི་ནང་དུས་བསྟུན་དགོས་མཁོའི་ཁ་གསབ་དགོས་ངེས་ཡིན་པ་ངོས་འཛིན་གནང་གི་ཡོད་པ་དང་། ད་རེས་ཀྱི་དམངས་གཙོ་ཞེས་པའི་བརྗོད་གཞི་དང་འབྲེལ་བ་ཡོད་པའི་བྱེད་སྒོ་ཁག་མི་འདྲ་བ་༣༠ ལྷག་གོ་སྒྲིག་ཞུས་འདུག  ༢༠༠༠ ལོའི་གླེང་སྟེགས་ཞེས་པའི་ལྷན་ཚོགས་དེ་ནི་༡༩༩༦ ལོར་(Czech) སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་(Vaclav Havel) མཆོག་དང་ཉི་ཧོང་གི་(Nippon) ཚོགས་པའི་ཚོགས་གཙོ་དང་འགྲོ་བ་ཉམས་ཐག་ནད་མནར་ཅན་ལ་རོགས་ཕན་གནང་མཁན་སྐུ་ཞབས་(Yohei Sasakawa) དེ་བཞིན་འཛམ་གླིང་གི་སྙན་གྲགས་ཆེ་བའི་ནོ་བེལ་(Nobel) ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། དེ་སྔ་དམག་ཆེན་གཉིས་པའི་སྐབས་ཇར་མན་ན་ཛི་གཞུང་གིས་(Jewish) མི་རིགས་དམར་གསོད་བཏང་བའི་དཀའ་སྡུག་གི་སྐོར་རྩོམ་བྲིས་གནང་མཁན་སྐུ་ཞབས་(Elie Wiesel) བཅས་ནས་བཙུགས་གནང་བ་ཞིག་ཡིན་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།