སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་འོས་ཤོག་མང་ཤོས་ཐོབ་ཡོད་པ་ཚོད་དཔག་ཐུབ་རྒྱུ་ཡིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་༢༠༢༡གི་སྲིད་སྐྱོང་དངོས་གཞིའི་འོས་བསྡུའི་གྲངས་བཤེར་ཟིན་པ་ལག་ཐོབ་བྱུང་བར་གཞིགས་ན། ད་བར་སྲིད་སྐྱོང་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་༣༢༦༣༠དང་། ཨ་རིའི་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་༢༧༡༧༠བཅས་ཐོབ་འདུག
གྲངས་བཤེར་གསལ་བསྒྲགས་མ་ཟིན་པར་ལྷག་བསྡད་ཀྱི་ས་ཁུལ་ཆེ་ཤོས་ནི། བྱང་ཨ་མི་རི་ཀ་ཡིན་ན་ཡང་། དེའི་ཁྱབ་ཁོངས་ནིའུ་ཡོཀ་དང་ནིའུ་ཇེར་སི། ཁེ་ན་ཌ་ཊོ་རོན་ཊོ། མི་ནེ་སོ་ཊ། སྦོསི་ཊོན། བྱང་ཀ་ལི་ཧྥོར་ནི་ཡ་སོགས་བོད་མི་གནས་ཡུལ་གྱི་ས་ཁུལ་ཆེ་ཁག་གི་འོས་ཤོག་གྲངས་བཤེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་ཐོབ་ཟིན་ཡོད།
ད་བར་གྱི་སྲིད་སྐྱོང་འོས་མི་གཉིས་དབར་གྱི་འོས་གྲངས་ཀྱི་ཁྱད་པར་ནི་༥༤༦༠ཙམ་ཡིན་ཞིང་། ཡོང་རྒྱུར་བསྡད་པའི་འོས་ཤོག་ཀྱི་གྲངས་འབོར་མང་པོ་མེད་སྟབས། ༢༠༢༡ལོའི་སྲིད་སྐྱོང་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་མང་ཤོས་ཐོབ་ཡོད་པ་ངེས་གཏན་ཆགས་ཡོད།
འོན་ཀྱང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཀྱི་གྲུབ་འབྲས་གཞུང་འབྲེལ་གསལ་བསྒྲགས་དེ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་ནས་ཕྱི་ཟླ་༥ཚེས་༡༤ཉིན་གནང་གཏན་འཁེལ་ཡོད་པ་རེད།