ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་དང་མཉམ་ལས་བྱ་འདོད་ཡོད་གསུངས།

2021-05-18
Share
ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་དང་མཉམ་ལས་བྱ་འདོད་ཡོད་གསུངས། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Wu Zhao-xie)འམ་(Joseph Wu)་ལགས།
Reuters

ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་རྟེན་འབྲེལ་ཞུས་པ་འབྲེལ་འབྱུང་འགྱུར་མཉམ་ལས་བྱ་འདོད་ཀྱི་འདུན་པ་བརྟན་པོ་ཡོད་པ་གསུང་འདུག
ཕྱི་ཟླ་༥་བའི་ཚེས་༡༧་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Wu Zhao-xie)འམ་(Joseph Wu)་ལགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཕྱག་བྲིས་བཏང་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུས་བ་དང་མཉམ། ཕྱག་ཡིག་ནང་བོད་མིས་དམངས་གཙོ་དང་རང་དབང་ཡར་རྒྱས་སྲ་བརྟན་གྱི་འདུན་པ་གཡོ་བ་མེད་པར་བརྟན་པོའི་ངང་ཡོད་པ་འཛམ་གླིང་ལ་སྟོན་གྱིན་ཡོད། ད་དུང་ང་རང་གིས་འདིར་བརྗོད་འདོད་པ་ནི། བོད་མི་ཚོའི་བཟོད་བསྲན་དང་རང་ཐག་རང་གཅོད་ཀྱི་ཆོད་སེམས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ང་ཚོས་ཐེ་ཝན་དང་བོད་ནི་ཡིད་ཆེས་བློས་འགེལ་ཐུབ་པའི་མཐུན་གྲོགས་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། ང་ཚོས་མཉམ་གཅིག་ཏུ་འུ་ཅག་ཐུན་མོང་གི་དམིཊ་འདུན་སྟེ་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་ཐོག་མཉམ་ལས་བྱེད་ཆོག ང་ཚོའི་མཛའ་གྲོགས་ཀྱི་འབྲེལ་ལམ་དང་མཉམ་ལས་ཀྱི་འབྲེལ་བས་ཕྱོགས་གཉིས་ཀར་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་གནས་བབ་བསྐྲུན་ཡོད། ཁྱེད་ཀྱི་དབུ་ཁྲིད་འོག་ཁྱེད་དང་ཁྱེད་ཀྱི་གཞུང་དང་ལྷན་དུ་མཉམ་ལས་བྱ་རྒྱུར་ངས་རེ་སྒུག་བྱེད་བཞིན་ཡོད་ལ། ཐེ་ཝན་དང་བོད་བར་གྱི་སེམས་ཐག་ཉེ་བའི་མཛའ་གྲོགས་ཀྱི་འབྲེལ་ལམ་མུ་མཐུད་དུ་ཡར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་སོཊ་ཕྱག་བྲིས་དེའི་ནང་བཀོད་འདུག
ཉིན་ཤས་སྔོན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཀྱང་བོད་མིའི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོར་ཨ་རིའི་ངོས་ནས་རྒྱབ་སྐྱོར་མཚོན་ཆེད་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་དབུས་བོད་མིའི་སྒྲིག་འཛུགས་བཅས་དང་མཉམ་དུ་མཉམ་ལས་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་ཅེས་སོགས་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།