སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུ་ཝེ་ཊེན་གྲོས་ཚོཊ་ནང་གཏམ་བཤད་གནང་འདུག


2017-11-15
Share
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུ་ཝེ་ཊེན་གྲོས་ཚོཊ་ནང་གཏམ་བཤད་གནང་སྐབས། ༢༠༡༧།༡༡།༡༤ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུ་ཝེ་ཊེན་གྲོས་ཚོཊ་ནང་གཏམ་བཤད་གནང་སྐབས། ༢༠༡༧།༡༡།༡༤
sikyong/FB

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུ་ཝེ་ཊེན་གྲོས་ཚོགས་ནང་བོད་དོན་གསུང་བཤད་གནང་འདུག
དེ་ཡང་ཕྱི་ཟླ་ ༡༡ ་ཚེས་ ༡༤ ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་སུ་ཝེ་ཊེན་(Sweden)་ཡུལ་ཀྱི་རྒྱལ་ས་(Stockholm)་ནང་ཕེབས་འབྱོར་གནང་མཚམས་གསར་འགོད་པ་དང་། བརྙན་འཕྲིན་སོགས་གསར་འགྱུར་ཚན་པ་ཁག་གི་བཅར་འདྲི་དང་ལེན་གནང་བ་དང་། དེ་ནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། སུ་ཝེ་ཊེན་བོད་རིགས་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག་སྲིད་སྐྱོང་མཆོག་གིས་ཡུལ་དེའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་རྣམས་ལ་གསུང་བཤད་གནང་འདུག
སྐབས་དེར་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Carl Shylter)་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁོང་ནི་བཞུགས་སྒར་དུ་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༥༧ ་ཐོག་སུ་ཝེ་ཊེན་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ཚོགས་ཆུང་གི་སྣེ་ཁྲིད་གནང་མཁན་དེ་ཡིན་པ་རེད།  
ཕྱི་དྲོར་སྲིད་སྐྱོང་མཆོག་གིས་སུ་ཝེ་ཊེན་བོད་རིགས་མཐུན་ཚོགས་དང་། ས་གནས་བོད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་མང་ཚོགས་ཀྱི་གཏམ་བཤད་གནང་སྐབས། སུ་ཝེ་ཊེན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གཙོས་ཁྱོན་མི་གྲངས་ ༩༠ ་ཙམ་མཉམ་ཞུགས་གནང་འདུག་ལ་དེའི་རྗེས་སུ་ཝེ་ཊེན་བོད་རིགས་མཐུན་ཚོགས་ཀྱིས་སྲིད་སྐྱོང་མཆོག་ལ་དགོང་དྲོའི་གསོལ་སྟོན་བཤམས་གནང་འདུག
སྲིད་སྐྱོང་མཆོག་ཡོ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཉིན་མཐའ་མའི་ཉིན་སུད་ཝེ་ཊེན་བོད་རིགས་མཐུན་ཚོགས་ (Svenska Tibet Komitten)བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་། ཉིན་དེའི་སྔ་དྲོ་སྲིད་སྐྱོང་མཆོག་གིས་ཡང་སུད་ཝེ་ཊེན་ཡུལ་གྱི་གསར་ཤོག་གྲགས་(Dagens Nyheter)གྱི་བཅར་འདྲིར་དང་ལེན་གནང་བ་མ་ཟད། དེ་རྗེས་བདུན་རེའི་རླུང་འཕྲིན་ལས་རིམ་ (Asia Calling) ཞེས་པའི་བཅར་འདྲི་དང་ལེན་གནང་འདུག   རླུང་འཕྲིན་དེས་ཨེ་ཤི་ཡའི་ནང་ཆབ་སྲིད་ཀྱི་འཕོ་འགྱུར་སྐོར་གནས་ཚུལ་ཁྱབ་སྤེལ་གནང་གི་ཡོད་པ་རེད།
དེ་བཞིན་སྲིད་སྐྱིད་སྐྱོང་མཆོག་གིས་Stockholm གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་གྲངས་ ༥༠ བརྒལ་བར་བོད་དང་རྒྱ་ནག་སྐོར་གསུང་བཤད་གནང་འདུག  གསུང་བཤད་ཀྱི་བརྗོད་གཞི་དང་འབྲེལ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་ཆབ་སྲིད་དང་དྲག་པོའི་སྟོབས་ཤུགས། དེ་བཞིན་དཔལ་འབྱོར་གནས་སྟངས་ཐོག་ནས་རྒྱ་ནག་ཡར་རྒྱས་ཧ་ཅང་འགྲོ་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སྐོར་གསུང་བཤད་གནང་འདུག  

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་། རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།