བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་འདུག


2020.08.14
བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསལ་བསྒྲགས་གནང་སྐབས། ༢༠༢༠།༨།༡༤ བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསལ་བསྒྲགས་གནང་སྐབས། ༢༠༢༠།༨།༡༤
དྲ་བཤུས།

བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་དང་འབྲེལ་བོད་རྒྱ་གྲོས་མོལ་གྱི་ནུས་པ་ཆེ་རུ་བཏང་ནས་རྒྱ་ནག་གིས་སྐད་ཆ་མི་བཤད་རང་བཤད་བཟོ་དགོས་པའི་དགོངས་ཚུལ་བཏོན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་ཟུར་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ་ལགས་ཀྱིས། ཁོང་མོ་སྤྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་གི་འོས་དམིགས་ལ་བཞེངས་རྒྱུ་ཡིན་པ། སྤྱི་ཟླ་༨་པའི་ཚེས་༡༤་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་དྲ་ལམ་བརྒྱུད་གསར་འགོད་གསལ་བསྒྲགས་སྤེལ་སོང་ལ། ཁོང་ཆུང་དུས་ནས་འཐབ་རྩོད་ལས་འགུལ་ནང་ཞུགས་པ་དང་། རིམ་པས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་སྤྱི་འཐུས་ཚོགས་གཞོན་དང་བཀའ་བློན་བཅས་གནང་སྟེ། ཉམས་མྱོང་ཡོད་པ་དང་སྲིད་སྐྱོང་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་སོགས་ངོ་སྤྲོད་དང་འབྲེལ།
ཁོང་གིས་འབྱུང་འགྱུར་བོད་ཀྱི་གནད་དོན་ཐོག བོད་རྒྱ་གྲོས་མོལ་གྱི་ནུས་པ་ཆེ་གཏོང་ནས་རྒྱ་ནག་གཞུང་གིས་ཚུར་སྐད་ཆ་མི་བཤད་རང་བཤད བཟོ་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
གཞན་ཡང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ས་གནས་མི་རིགས་རང་སྐྱོང་གི་ཡིག་ཆ་ལ་རྒྱ་ནག་གིས་ཡ་མེད་གཏོང་གི་ཡོད་པས། དེ་ལ་ང་ཚོས་དགོངས་བཞེས་སྦྱངས་བཤད་ཀྱིས། རྒྱ་ནག་གིས་གལ་ཏེ་ཡིག་ཆ་དེ་ངོས་ལེན་མ་བྱས་པ་ཡིན་ན། དེ་རང་བཞིན་ནུས་མེད་དུ་འགྲོ་སྲིད་པའི་བརྡ་ལན་ཀྱང་གནང་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
མི་རིགས་ས་གནས་རང་སྐྱོང་གི་ཡིག་ཆ་ཟེར་བ་དེ་ནི། ཕྱི་ལོ་ ༢༠༠༨ ་ལོར་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་དབུ་ཁྲིད་པའི་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་འབྲེལ་མོལ་ཐེངས་བདུན་པ་དེ་གནང་པའི་སྐབས། བོད་པའི་སྐུ་ཚབ་ཀྱི་ངོས་ནས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ལ་གནང་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཟེར་བ་དེ་ཡིན་པ་རེད།
ཡང་ཁོང་གིས་བཙན་བྱོལ་ནང་བོད་མིའི་གནས་སྟངས་ནི་རྒྱ་གར་མ་ཡིན་པའི་ཕྱི་རྒྱལ་ཁག་ཏུ། ཧ་ལམ་བོད་མིའི་གྲངས་འབོར་ཕྱེད་ཀ་འདྲ་བོ་ཆགས་ཀྱི་ཡོད་པས། དེ་ལ་དཔག་པའི་གོམ་པ་སྤོ་དགོས་པ་གལ་ཆེན་ཡིན་པ་དང་། དེ་ཡང་༧རྒྱལ་བ་རིན་པོ་ཆེས་བཙུགས་གནང་པའི་སྒྲིག་འཛུགས་འོག་མི་མང་རྣམས་གནས་ཡོད་པས། ཕྱི་རྒྱལ་ཁག་ལ་བཅའ་ཁྲིམས་རིན་པོ་ཆེའི་ནང་གསལ་བ་ལྟར། གལ་ཏེ་ས་གནས་གཅིག་ནང་དུད་ཚང་༥༠་ནས་༡༥༠་དང་། མི་གྲངས་དྲུག་བརྒྱ་ལས་མང་བ་ཡོད་ན་ས་གནས་འགོ་འཛིན་བསྐོ་དགོས་པའི་ལམ་ཁ་ཡོད་སྟབས། ཕྱི་རྒྱལ་ལ་ས་གནས་འགོ་འཛིན་ཡོང་ཐུབ་པའི་ལམ་ཁ་ཞིག་བསྐྲུན་དགོས་པ་དང་། སྤྱི་མཐུན་ཚོགས་པ་ཁག་གི་ངོ་བོ་ས་འཐུས་ཀྱི་ངོ་བོ་ལ་ཚུར་བསྒྱུར་ཐབས་ཀྱི་ཐབས་ལམ་འདོན་པ་གལ་ཆེ་ཤོས་ཡིན་པ་གསུངས་ཡོད་པ་རེད།
བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནི། སྤྱི་ལོ་༡༩༦༤་ལོར་རྒྱ་གར་ཀ་ལེམ་ཀོང་དུ་འཁྲུངས་ཤིང་། ཁོང་གིས་སྤྱི་ལོ་༡༩༩༤་དང་། ༩༦། སྤྱི་ལོ་༢༠༠༡་དང་དྲུག་བཅས་རིམ་པར། བོད་མི་མང་མདོ་སྟོད་སྤྱི་འཐུས་སུ་བདམས་ཐོན་བརྒྱུད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཐེངས་གཉིས་གནང་ཡོད་པ་དང་། སྤྱི་ལོ་༢༠༠༨་ནས་ནང་སྲིད་བཀའ་བློན་གྱི་ཐུགས་འགན་ཀྱང་བཞེས་མྱོང་ཡོད་པ་རེད། ཁོང་ནི་ཡོངས་གྲགས་སུ་བེུད་ཞིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་གསལ་བསྒྲགས་གནང་མཁན་དང་པོ་དེ་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎