ལྡི་ལིར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞེས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་ཚོགས་འདུ་ཚོགས་འདུག

2023.06.27
ལྡི་ལིར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞེས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་ཚོགས་འདུ་ཚོགས་འདུག ལྡི་ལིར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞེས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་ཚོགས་འདུ་ཚོགས་སྐབས། ༠༦།༢༧།༢༠༢༣
CTA

འདི་ཚེས་༢༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་(Centre For China Analysis and Strategy)་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཙོ་བའི་འཕགས་བོད་གཉིས་ཀྱི་ཉམས་ཞིབ་པ་སོགས་མཉམ་ཞུགས་ཀྱིས། ༼ཞིང་ཅིན་ཕིན་གྱི་གཞུང་འཛིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་(China’s Tibet Policy Under Xi jinpig)་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་འཚོགས་ཏེ། ཉམས་ཞིབ་པ་ཚོས་བོད་དང་རྒྱ་ནག ས་ཁམས་ཆབ་སྲིད། ནང་ཆོས། ས་མཚམས་སོགས་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གཏམ་བཤད་གནང་འདུག་ཅིང་། སྐབས་དེར་ཉམས་ཞིབ་ལྟེ་གནས་ཁང་དེ་ཉིད་ཀྱི་ཚོགས་གཙོ་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། དགོས་ངེས་ཀྱི་སྐབས་སུ་བོད་ཙམ་མ་ཟད། ཐ་ན་རྒྱ་མི་དང་འབྲེལ་བའི་གནས་ཚུལ་ཁག་ལ་རྒྱུས་ལོན་གང་མང་བྱ་དགོས་དོན་ཅི་ཡིན་གསལ་བཤད་བྱེད་རྒྱུ་དེ་ཡིན་ཞེས་དང་། རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ཀྱི་མིང་ཐོག་ནས་མཐའ་མཚམས་ས་ཁུལ་དུ་དམག་དོན་ལས་འགུལ་རྒྱ་ཆེར་སྤེལ་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་ཀྱི་གྲོང་སྡེ་ཞེས་པའི་ལས་གཞིའི་འོག་དེང་སྐབས་གཞིས་ཀ་རྩེའི་ས་མཚམས་ས་ཁུལ་དུ་གྲོང་གསེབ་༦༢༨གསར་རྒྱག་ཟིན་ཡོད་པ་དང་། དེར་གནས་སྡོད་བྱེད་མཁན་ཚོ་ནི་མདོ་དབུས་ཁམས་གསུམ་ནས་གནས་སྤོས་བྱས་པའི་བོད་མི་ཡིན། གསར་རྒྱག་ཟིན་པའི་གྲོང་གསེབ་ཁག་ནང་གནས་སྡོད་བྱེད་མཁན་ཚོས་ས་མཚམས་སྲུང་སྐྱོབ་དང་གསང་མྱུལ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་བརྗོད་འདུག

Sikyong delhi (1).jpg
ཐེངས་འདིའི་ཚོགས་འདུའི་ཐོག་ཉམས་ཞིབ་པ་དང་རྒྱ་གར་གྱི་གཞུང་འབྲེལ་མི་སྣ། ལྡི་ལིར་ཡོད་པའི་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ཁང་ཁག་ཅིིག་གི་ལས་བྱེད། དེ་བཞིན་མཐོ་སློབ་ཁག་གི་སློབ་ཕྲུག་དང་སློབ་དཔོན་སོགས་མི་གྲངས་༡༠༠ལྷག་མཉམ་ཞུགས་གནང་ཡོད་པའི་ཁྲོད། (O.P. Jindal Global)་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་(Sriparna Pathak)་ལགས་ཀྱིས། རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་འབོར་འཕེལ་རྒྱས་ཀྱིས་སྤྱི་ཚོགས་དཔལ་འབྱོར་ལ་ཤུགས་རྐྱེན་དང་ཁུལ་དེར་བོད་མི་མ་ཡིན་པའི་མི་རིགས་གཞན་གནས་སྤོས་ཀྱི་སྲིད་བྱུས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། བོད་ནང་རྒྱ་སྐད་དང་རྒྱ་ཡིག་ཤེས་མཁན་ཚོར་གཞུང་གི་ལས་ཀ་ཚུད་པའི་ལས་ཀའི་གོ་སྐབས་མང་བ་ཡོད་པ་མ་ཟད། དེའི་རྐྱེན་པས། རྒྱ་མི་མང་པོ་ཞིག་བོད་ལ་གནས་སྤོས་བྱས་ཏེ། བོད་མི་ཚོ་སོ་སོའི་ལུང་པར་གྲངས་ཉུང་མི་རིགས་ཆགས་རྒྱུའི་ཉེན་ཁ་ཡོད་པ་དང་། དེས་དཔལ་འབྱོར་ཐོག་ནས་བོད་མི་ཚོར་ཤུགས་རྐྱེན་ངན་པ་ཞིག་ཐེབས་ངེས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཨ་ཕ་ལྷ་མོ་ལགས་ཀྱིས། རྒྱ་ནག་གི་འགོ་ཁྲིད་ཚོས་་བོད་ནང་བདེ་འཇགས་ཟེར་བར་ཁ་གཡར་ནས་དམ་དྲག་ཇེ་ཆེར་བཏང་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་འདུག་ཅིང་། ཁོང་མོས། འདི་ལྟ་བུའི་ཉམས་ཞིབ་དང་འབྲེལ་བའི་ཚོགས་འདུ་འཚོགས་པ་བརྒྱུད་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་ཡོང་བར་དམིགས་བསལ་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཡིན། འོན་ཀྱང་། ད་ལྟའི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་གསུངས་འདུག་པ་མ་ཟད། བོད་མཐོ་སྒང་གི་གནམ་གཤིས་དང་ཁོར་ཡུག དེ་བཞིན་རིག་གཞུང་སོགས་ནི་ཉེ་ཁོར་གྱི་ཡུལ་ལུང་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་བཤད་གནང་འདུག
སྤྱི་ལོ་༢༠༡༢ལོར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་པ་ནས་བཟུང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ཡང་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། ཁོང་གིས་བོད་ནང་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དཔེར་ན། འཕགས་བོད་མཐའ་མཚམས་ཁུལ་དུ་དམག་དོན་ལས་འགུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་ཡར་རྒྱས་གཏོང་དགོས་པ། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པའི་ཁར། ད་སྐབས་བོད་ནང་དུ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་ཆེད་བཙུགས་ཀྱིས། བོད་ཀྱི་བྱིས་པ་ཚོ་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་ཏེ་སློབ་གྲྭ་དེ་དག་ནང་བཅུག་གི་ཡོད་པ་དེ་ནི་ཞིང་ཅིན་ཕིང་གི་སྣེ་ཁྲིད་པའི་རྒྱ་ནག་གཞུང་གི་བོད་མི་རྒྱ་བསྒྱུར་གྱི་ལས་གཞི་ཞིག་ཡིན་པ་རེད། དེའི་ཐད་བོད་ནང་གི་བོད་མི་ཞིག་གིས། འདས་པའི་ལོ་ཤས་ནས་བཟུང་བོད་ནང་ལ་དཔལ་འབྱོར་དང་སློབ་གསོ་གང་ཐད་ནས་འགྱུར་བ་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། སློབ་གསོའི་ཕྱོགས་ནས་ཀླད་པ་བཀྲུས་ཏེ་ད་ནས་རེ་བ་ཞིག་མེད་པར་གྱུར་ཡོད་པ་དང་། བོད་པ་ལོ་ཆུང་ཚོའི་བོད་དང་འབྲེལ་བའི་གནས་ཚུལ་ཅི་ཡང་མི་ཤེས་པ་ཞིག་ཏུ་གཏོང་གི་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎