ང་ཚོས་རྒྱ་ནག་ལ་འགྱུར་བ་མ་བཏང་ན་རྒྱ་ནག་གིས་ང་ཚོར་འགྱུར་བ་གཏོང་ཉེན་འདུག སྲིད་སྐྱོང་མཆོག་གིས།


2020-10-13
Share
དྲ་ལམ་བརྒྱུད་བགྲོ་གླེང་སྐབས། ༡༠།༡༣།༢༠ དྲ་ལམ་བརྒྱུད་བགྲོ་གླེང་སྐབས། ༡༠།༡༣།༢༠
Tibet.net

ང་ཚོས་རྒྱ་ནག་ལ་འགྱུར་བ་མ་བཏང་ན་རྒྱ་ནག་གིས་ང་ཚོར་འགྱུར་བ་གཏོང་ཉེན་ཡོད་པ་སྲིད་སྐྱོང་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དོན་བགྲོ་གླེང་སྐབས་གསུང་འདུག
འདི་ཟླའི་ཚེས་༡༢ཉིན་༢༠༠༠ཞི་བདེའི་གླེང་སྟེགས་ཐེབས་རྩ་ཞེས་བས་གོ་སྒྲིག་འོག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབུ་ཁྲིད་དམ་པ་(Vaclav Havel)མཚན་ཐོག་དྲ་ལམ་བརྒྱུད་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་བགྲོ་གླེང་ཚོགས་འདུ་ཚོགས་པའི་ཐོག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཉམ་ཞུགས་ཀྱིས་གཏམ་བཤད་གནང་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རིང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ། འདས་པའི་ལོ་གཉིས་རིང་གི་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ནས་ར་འཕྲོད་པ་དང་། ང་ཚོ་ད་ལྟ་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ཡོད། དེ་བས་ང་ཚོས་རྒྱ་ནག་ལ་འགྱུར་བ་གཏོང་དགོས་པའི་ཐག་གཅོད་བྱེད་དགོས། དེ་མ་གཏོགས་རྒྱ་ནག་གིས་ང་ཚོར་འགྱུར་བ་གཏོང་ཐག་ཆོད་རེད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ཕྱི་གསལ་ནང་གསལ་མེད་པའི་རྒྱ་ནག་གི་བྱ་སྤྱོད་དེས་ཡོ་རོབ་ཀྱི་རྒྱལ་ཁབ་ཚོར་དཔལ་འབྱོར་དང་སྤྱི་ཚོཌ་ལ་གནོད་ཚེ་ཆེན་པོ་སྐྱེལ་རྒྱུའི་ཉེན་ཁ་ཡོད་པས་ཡོ་རོབ་རྒྱལ་ཁབ་ཁག་གིས་ངེས་པར་དོ་སྣང་བྱེད་དགོས་ཅེས་དང་། ཉེ་ཆར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བཟའ་འབྲུའི་ལས་འཆར་སྡེ་ཚན་ལ་ད་ལོའི་ཞི་བདེའི་གཟེངས་རྟགས་ཕུལ་ཡོད། དངོས་གནས་བྱས་ན། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཞི་བདེའི་གཟེངས་རྟགས་དེ་འབུལ་དགོས་ངེས་རེད། དེ་ལྟར་མ་བྱས་བ་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་རེད། དེ་བས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན། རྒྱལ་སྤྱིའི་སྒྲིག་འཛུགས་ལའང་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་གསལ་བོ་རེད། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་སྡེ་གནད་འགག་ཅན་༡༥ ལ་ཐབས་ལམ་འདྲ་མིན་བརྒྱུད་ཤུགས་རྐྱེན་སྤྲོད་བཞིན་ཡོད། བོད་དང་ཤར་ཏུར་ཀིསུ་ཐན་སྐོར་ཉམས་ཞིབ་གནང་མཁན་(Adrian Zenz)ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ནས་ད་སྐབས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པ་ཉམས་ཞིབ་སྙན་ཐོ་བཏོན་ཡོད་པ་དང་། དེ་ནི་བོད་དང་ཤར་ཏུར་ཀིསུ་ཐན་གྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་རྩ་བརླག་ཏུ་གཏོང་བཞིན་པ་རེད་ཅེས་གཏམ་བཤད་གནང་ཡོད།
ད་དུང་རྒྱལ་སྤྱིའི་འགོ་ཁྲིད་ཚོས་དཔལ་འབྱོར་དང་ཚོང་འབྲེལ་ལ་བལྟས་ནས་བསྡད་ཡོད་པའི་གོ་སྐབས་དེ་རྒྱ་ནག་གཞུང་གིས་བེད་སྤྱད་ནས་མུ་མཐུད་དུ་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་རྒྱལ་སྤྱིའི་ནང་ཤུགས་རྐྱེན་སྤྲོད་བཞིན་པར་འགྱུར་བ་གཏོང་དགོས་བ་སོགས་གཏམ་བཤད་གནང་ཡོད།
སྤྱི་ཚེས་༡༢ནས་༡༤བར་ཚོགས་བཞིན་པའི་གླེང་སྟེགས་༢༠༠༠(Forum 2000)ཞེས་པས་གོ་སྒྲིག་ཞུས་པའི་བགྲོ་གླེང་གི་ཉིན་དང་པོར། སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཚོགས་གཙོ་(Nuri A. Turkel) ཧོང་ཀོང་ནང་གི་སྒྱུ་རྩལ་བ་(Loretta Lau)བཅས་མཉམ་ཞུགས་གནང་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎