སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་འདུག

2018-04-11
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་དང་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་(Steve Daines)རྣམ་གཉིས། ༢༠༡༨།༤།༡༠
སྲིད་སྐྱོང་དང་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་(Steve Daines)རྣམ་གཉིས། ༢༠༡༨།༤།༡༠
OOT

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་ཚེས་༡༠་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་གནང་སྐབས། གནམ་ཐང་དུ་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་སོགས་ནས་ཕེབས་བསུ་ཞུས་ཡོད་འདུག
སྲིད་སྐྱོང་མཆོག་གིས་ཉིན་དེར་མཛད་འཆར་དང་པོ་དེ་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་(Steve Daines) ལགས་དང་ལྷན་དུ་ཁོང་གི་ཡིག་ཚང་ནང་མཇལ་འཕྲད་གནང་ཡོད་འདུག སྐབས་དེར་སྐུ་ཞབས(Daines) ལགས་ཀྱིས་ཉེ་ཆར་ཁོང་བོད་དུ་ཕེབས་པའི་མྱོང་ཚོར་རྣམས་འགྲེལ་བརྗོད་གནང་ཐོག་ཁོང་གིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་མིའི་ཆོས་དད་ཐོག་དམ་དྲག་བྱས་པ་སོགས་གནད་དོན་མང་པོ་ཞིག་གི་ཐོག་གླེང་སློང་གནང་བ་ཡིན་ཞེས་གསུངས་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བླ་རུང་སྒར་དང་། ཡ་ཆེན་སྒར་སོགས་ཆོས་སྒར་ཁག་གཏོར་བཤིག་གཏོང་བཞིན་པ་དང་། རྒྱའི་སྡུག་རྩུབ་ལ་མ་བཟོད་པར་བོད་མི་མང་པོས་རང་ལུས་མེར་བསྲེག་བཏང་བའི་གནད་དོན་སོགས་འགྲེལ་བརྗོད་གནང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོགས་སེལ་ཐབས་གནང་བཞིན་པའི་མཛད་ཇུས་སྐོར་རྒྱ་ནག་གི་དཔོན་རིགས་དང་ཐུགས་འཕྲད་ནམ་བྱུང་ལ་འགྲེལ་བརྗོད་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་འདུག
ཡང་ཚེས་༡༠་ཉིན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་མཐུན་བསྟི་གནས་ཁང་གི་འགན་འཛིན་(Daniel Twining) ལགས་དང་ཁོང་གི་ཕྱག་རོགས་མཐོ་གྲས་རྣམས་དང་མཇལ་འཕྲད་གནང་འདུག བསྟི་གནས་ཁང་དེ་ནི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ནང་མང་གཙོ་གོང་སྤེལ་གཏོང་ཐབས་གནང་མཁན་ཞིག་ཡིན་པ་དང་། སྲིད་སྐྱོང་མཆོག་དང་ལྷན་དུ་རྒྱལ་སྤྱིའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་གནད་དོན་དང་། མང་གཙོ་དར་སྤེལ་སྐོར་སོགས་བགྲོ་གླེང་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།