སྲིད་སྐྱོང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་བོད་དོན་གཏམ་བཤད།


2018.02.21
སྲིད་སྐྱོང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་བོད་དོན་གཏམ་བཤད་སྐབས། ༢༠༡༨།༢།༢༠ སྲིད་སྐྱོང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་བོད་དོན་གཏམ་བཤད་སྐབས། ༢༠༡༨།༢།༢༠
CTA

བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་བོད་རྒྱ་ཞི་མོལ་དགོས་པའི་གྲོས་ཆོད་ཞིག་འཇོག་ཐུབ་པའི་འབོད་སྐུལ་ཞུས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས། ཉི་ཧོང་ནི་འཛམ་གླིང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མའི་ནང་ནས་ཚོགས་མི་མང་ཤོས་དེ་ཆགས་ཡོད་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་ཡང་ཕྱི་ཚེས་ ༢༠ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉི་ཧོང་གྲོས་ཚོགས་སུ་ཕེབས་འབྱོར་སྐབས་ཡུལ་དེའི་ཆབ་སྲིད་ཚོགས་པ་ཚང་མའི་སྐུ་ཚབ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད་ལ། གྲོས་ཚོགས་མཇལ་འཕྲད་ཚོགས་ཁང་དུ་ཉི་ཧོང་དང་བོད་ཀྱི་རྒྱལ་དར་མང་པོ་བསྒྲེངས་འཛུགས་ཐོག་གྲོས་ཚོགས་འཐུས་མི་རྣམས་ཡར་བཞེངས་ཏེ་སྲིད་སྐྱོང་མཆོག་ལ་གུས་བཀུར་གྱི་རྣམ་པ་ཤུགས་ཆེ་སྟོན་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་(Shimomura Hakubun)་ མཆོག་དང་ལྕམ་སྐུ་ས་ཀུ་ར་ཡོ་ཤི་ཀོ་ (Sakurai Yoshiko) རྣམ་གཉིས་ཀྱིས་བོད་དོན་ཐད་ཤ་ཚ་དང་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་ལྟའི་ཆར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཚོགས་མི་ ༩༠ ཡོད་པས། འཛམ་གླིང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཀྱི་ཡོད་སྟབས་ཚོགས་གཙོ་མཆོག་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་གནང་འདུག
ཡང་སྲིད་སྐྱོང་མཆོག་གིས། ཨ་རི་གཞུང་ནས་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་ཞེས་ ༢༠༠༢ ལོར་གཏན་འབེབས་གནང་ཡོད་པ་དང་། དེ་བཞིན་ཡོ་རོབ་གྲོས་ཚོགས་ནས་ཀྱང་བོད་པའི་ངོ་བོ་སྲུང་སྐྱོབ་དང་རྒྱ་ནག་གཅིག་གི་སྲིད་བྱུས་གཞིར་བཟུང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོང་སླད་བོད་རྒྱ་གཉིས་བར་ཞི་མོལ་གནང་དགོས་པའི་གྲོས་ཆོད་ཐེངས་མང་བཞག་ཡོད་པས། དེ་རིང་ངས་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ལ་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་བོད་རྒྱ་ཞི་མོལ་དགོས་པའི་གྲོས་ཆོད་ཞིག་འཇོག་ཐུབ་པའི་འབད་བརྩོན་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་གསུང་འདུག
དེ་ནས་ཡང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་་་ཧ་ཀུ་བྷུན་མཆོག་གིས་བོད་མི་རྣམས་ལོ་ངོ་སྟོང་ཕྲག་ལྷག་རིང་འཚེ་མེད་ཞི་བའི་ལམ་ལ་བསྐྱོད་བཞིན་ཡོད་པ་དང་། བོད་ཀྱི་ནང་ཆོས་ནས་བྱུང་བའི་ལེགས་བཤད་དེ་དག་གིས་དེང་སྐབས་འཛམ་གླིང་ནང་ཞི་བདེ་སྐྲུན་རྒྱུར་ནུས་པ་དང་ཕན་ཐོགས་ཆེན་པོ་ཡོད་པས་བོད་ཀྱི་གནད་དོན་སེལ་ཆེད་གྲོས་ཚོགས་འཐུས་མི་ཚང་མས་ནུས་པ་མཉམ་སྤུང་དང་འབད་བརྩོན་སྔར་ལྷག་བྱ་དགོས་སྐོར་གསུང་འདུག
དེ་བཞིན་ལྕམ་སྐུ་ས་ཀུ་ར་ཡོ་ཤི་ཀོ་ལགས་ཀྱིས་ཉི་ཧོང་དང་བོད་གཉིས་ནི་གཞི་རྩའི་ནང་པའི་རྒྱལ་ཁབ་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་བྱེད་པ་བརྒྱུད་ཉི་ཧོང་གི་གཞིའི་རྩའི་དྲང་བདེན་དང་འཚེ་མེད་ཞི་བའི་རིན་ཐང་སྲུང་སྐྱོབ་བྱེད་རྒྱུ་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུང་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎