བོད་མི་ཚོས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་རྒྱུར་འབད་བརྩོན་གནང་གལ་ཆེ་བའི་སྐོར་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་གསུང་བཤད་གནང་འདུག

2024.04.06
བོད་མི་ཚོས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་རྒྱུར་འབད་བརྩོན་གནང་གལ་ཆེ་བའི་སྐོར་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་གསུང་བཤད་གནང་འདུག
RFA/ཨོ་རྒྱན།

ད་ལྟའི་རྒྱ་ནག་གཞུང་གི་བྱེད་བབ་ལ་མ་ལྟོས་པར་དབུ་མའི་ཐབས་ལམ་གྱི་བརྒྱུད་ནས་བོད་དོན་བདེན་མཐའ་གསལ་རྒྱུར་དཀའ་ངལ་ཇི་འདྲ་འཕྲད་ཀྱང་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་མུ་མཐུད་རྒྱ་ནག་གཞུང་ལ་གདོང་ལེན་བྱ་རྒྱུ་གལ་ཆེ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་མི་མང་ ༦༠༠ ཙམ་འདུ་འཛོམས་བྱུང་པའི་སར་བླང་དོར་གྱི་གསུང་བཤད་གནང་སྐབས་གསུངས་འདུག
དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་རེས་བྱང་ཨ་རིའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་འདི་བཞིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་ས་གནས་བོད་མི་མང་ཚོགས་ལ་བླང་དོར་གྱི་གསུང་བཤད་གནང་པའི་སྐབས། དབུ་མའི་ལམ་གྱི་བྱུང་བ་དང་འཕེལ་རིམ། དེ་ཡི་གལ་གནད་སྐོར་ལ་ངོ་སྤྲོད་གནང་པ་དང་མཉམ། བོད་མི་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྣམས་སེམས་ནང་བཅངས་རྒྱུ་དང་བཙན་བྱོལ་ནང་གི་བོད་མིའི་གནས་སྟངས་མི་བརྗེད་པར་༧རྒྱལ་བའི་བཀའ་སློབ་ཁག་ལ་སློབ་སྦྱོང་གིས་ངེས་པ་བརྙེས་པའི་ཐོག་དད་པ་དང་ལག་ལེན་གྱི་ཐོག་ནས་ལས་དོན་ལ་དངོས་སུ་ཞུགས་ཏེ་ཞབས་འདེགས་བསྒྲུབ་དགོས་པ་གལ་ཆེ་ཡིན་པ་གསུང་ཡོད་ཅིང་། དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་པ་འདི་བཞིན་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གཉིས་ཀར་སུ་ལའང་བསྒྱུར་བ་གཏང་ཆོག་ཆོག་གི་གནས་སྟངས་མེད་པའི་སྐོར་གསུངས་འདུག
IMG_4358.jpeg
སྲིད་སྐྱོང་མཆོག་གིས་ད་དུང་། བོད་དོན་ཐོག་ལ་དེ་སྔ་རྒྱལ་ཁབ་ཁག་ལ་འབྲེལ་བ་གནང་མི་ཐུབ་པ་ལྷག་པའི་ཁོངས་ནས་ལྷོ་ཨ་མི་རི་ཀའི་ (མེཀ་སི་ཀོ་) Mexico དང་ (སྦརཱ་ཛིལ་) Brazil བཅས་སུ་ཕྱོགས་ཕེབས་གནང་རྒྱུའི་གོ་སྐབས་བྱུང་པ་ནི་བོད་དོན་རྒྱབ་སྐྱོར་འཐབ་འཚོལ་བྱ་རྒྱུར་ཕན་ཐོགས་བྱུང་པ་ཙམ་གྱིས་མ་ཚད། རྒྱལ་ཁབ་འདི་དག་གི་རྒྱ་ནག་དང་མཉམ་འབྲེལ་བའི་འཕེལ་རིམ་ཁྲོད་སོ་སོའི་བདེ་འཇགས་ཐད་ལ་དཀའ་ངལ་འཕྲད་གཞི་ཇི་ཡོད་བཀའ་མོལ་གནང་རྒྱུ་བྱུང་པ་སོགས་ཕྱི་འབྲེལ་གྱི་ཐབས་བྱུས་འཛིན་ཕྱོགས་ཐད་ངོ་སྤྲོད་གནང་ཞིང་། ཕྱོགས་མཚུངས་བོད་མིའི་སྤྱི་ཚོགས་ཁྲོད་བྱང་ཨ་རིའི་ནང་དུ་མཚོན་ན། སྤྱིར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་ནའང་། འདི་ཁུལ་གྱི་ཚོགས་པ་ཆེ་བ་ཚོས་ས་གནས་དང་ཚོགས་པ་ཆུང་བ་ཚོར་རྒྱབ་སྐྱོར་གནང་རྒྱུ་དང་། ཁེ་ན་ཌ་ནང་དུ་མཚོན་ན་ Canada Tibet Committee ཞེས་ཁེ་ན་ཌ་བོད་དོན་ཚོགས་པར་ས་གནས་མི་མང་གིས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག


ས་གནས་བོད་མི་བརྒྱ་ཕྲག་འདུ་འཛོམས་དེའི་སར་ཨོཎ་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གླང་དཀར་བསོད་ནམས་ལགས་ཀྱིས་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་པའི་ལོ་རྒྱུས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་ཐུགས་རེ་ཇི་གནང་། ཚོགས་པའི་ད་ལྟའི་གནས་སྟངས་དང་མ་འོངས་པའི་ལས་འཆར། ས་གནས་མི་མང་ཁག་ཅིག་གི་ཡིག་ཆའི་དཀའ་ངལ་ཡོད་པ་ཚོར་དབུས་དང་མངའ་སྡེའི་འཐུས་མི་ཁག་མཇལ་འཕྲད་བྱུང་བའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རོགས་སྐྱོར་ཡོང་བའི་སྐུལ་འདེད་དང་འབོད་སྐུལ་གནང་རོགས་ཞེས་གསལ་འདེབས་ཞུས་གནང་འདུག
སྲིད་སྐྱོང་མཆོག་གི་མི་མང་དང་ལྷན་དུ་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུའི་མཛད་རིམ་བསྒྲུབས་མཚམས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཚོགས་འདུས་མང་ཚོགས་ལ་རིན་མེད་ཐོག་ནས་དགོང་མོའི་གསོལ་ཚིགས་གོ་སྒྲིག་གནང་ཡོད་འདུག
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བསྟན་འཛིན་པདྨ་དང་། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎