རྒྱ་ནག་གི་གཡོ་བྱུས་ཅན་གྱི་སྲིད་ཇུས་ལ་རྒྱ་གར་གཞུང་གིས་དོགས་ཟོན་གནང་གལ་ཆེ།

2018-01-11
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༨།༡།༡༡།སྲིང་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧི་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ནས་ཕེབས་པའི་རྒྱ་གར་གསར་འགོད་པ་རྣམས་ལ་བཀའ་མོལ་གནང་བཞིན་པ།
༢༠༡༨།༡།༡༡།སྲིང་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧི་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ནས་ཕེབས་པའི་རྒྱ་གར་གསར་འགོད་པ་རྣམས་ལ་བཀའ་མོལ་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

རྒྱ་ནག་གཞུང་གི་གཡོ་བྱུས་ཅན་གྱི་སྲིད་ཇུས་ལ་རྒྱ་གར་གཞུང་གིས་དོགས་ཟོན་གནང་གལ་ཆེ་བ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསུངས་འདུག
རྒྱ་ནག་གི་གཡོ་བྱུས་ཅན་གྱི་སྲིད་ཇུས་ལ་རྒྱ་གར་གཞུང་གིས་དོགས་ཟོན་གནང་གལ་ཆེ་བ་དང་། དེ་ལྟར་མ་གནང་ཚེ་སྔར་རྒྱ་ནག་གི་གཡོ་བྱུས་འོག་བོད་ནང་བྱུས་ངན་ཇི་ལྟར་བྱུང་བ་དེ་རྒྱ་གར་ལའང་འབྱུང་སྲིད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུལ་མ་དང་སྦྲགས་ཉེན་བརྡ་བཏང་གནང་འདུག
དེ་ཡང་ཕྱི་ཚེས་ ༡༡ ་རེས་གཟའ་ཕུར་བུའི་ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ བཞུགས་སྒར་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བརྙན་འཕྲིན་དང་། རླུང་འཕྲིན། གསར་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་རྩོམ་སྒྲིག་པ་དང་། གསར་འགོད་པ་ཁྱོན་མི་གྲངས་ ༤༠ ་ཙམ་དང་མཇལ་འཕྲད་ཀྱིས་བོད་དང་རྒྱ་གར་རྒྱ་ནག་བཅས་ཀྱི་གནད་དོན་དང་འབྲེལ་བའི་གསུང་བཤད་དང་། གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག
སྲིད་སྐྱོང་མཆོག་གིས་གསུངས་པར། ཉེ་བའི་དུས་སུ་འབྲུག་ཁུལ་འབྲོག་ལམ་ས་མཚམས་ཁུལ་དུ་རྒྱ་ནག་གི་འཛུགས་བསྐྲུན་གྱི་ལས་གྲས་རྐྱེན་པས་རྒྱ་དཀར་ནག་དབར་གྱི་རྩོད་རྙོག་དང་ གཞན་ཡང་རྒྱ་གར་དང་ས་འབྲེལ་ས་མཚམས་ཁག་ནང་། རྒྱ་ནག་གིས་སིམ་འཛུལ་ལན་མང་བྱས་པའི་དོན་རྐྱེན་རིམ་པ་བྱུང་བཞིན་པ་དང་། དེ་བཞིན་རྒྱ་གར་གྱི་ས་མཚམས་ཉེ་འཁྲིས་སུ་རྒྱ་ནག་གི་གནམ་ཐང་གསར་རྒྱག་དང་གཞུང་ལམ་འཛུགས་བསྐྲུན་ལ་སོགས་པའི་ལས་གྲ་དེ་དག་གིས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་བློའི་འཁྱེར་བཟོ་གསལ་འདོན་ཆགས་ཀྱི་ཡོད་སྟབས་དེ་དག་ལ་རྒྱ་གར་གཞུང་ནས་དོགས་ཟོན་དང་ཡིད་གཟབ་གནང་དགོས་པའི་སྐུལ་མ་གནང་ཡོད་ལུགས་(Tribune)་གསར་ཤོག་གི་གནས་ཚུལ་ནང་གསལ་འདུག
ཡང་སྲིད་སྐྱོང་མཆོག་གིས་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་རྩོད་རྙོག་གྱི་རྒྱབ་ལྗོངས་དང་བྱུང་རིམ་ལ་གོ་ཤེས་ཐུབ་པར་རྒྱ་ནག་གི་འགོ་ཁྲིད་(Mao Zedong)་གིས་བོད་ཐོག་བཙན་འཛུལ་དབང་བསྒྱུར་གྱི་སྲིད་ཇུས་ལ་རྒྱུས་མངའ་དགོས་རྒྱུ་གནད་འགག་ཆེན་པོ་ཡིན་པ་གསུངས་ཞིང་། དེ་ཡང་(Mao Zedong)གིས་བོད་འདི་ལག་པ་གཡས་པའི་ལག་མཐིལ་དང་ལ་དྭགས་(Ladakh) ་དང་། འབྲས་ལྗོངས། འབྲུག བལ་ཡུལ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་བཅས་ལག་མཐིལ་གྱི་མཛུབ་མོ་ལྔ་མཚོན་གྱི་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་དང་། ཡིན་ནའང་ ༡༩༥༩་ལོར། རྒྱ་ནག་གིས་བོད་དབང་བསྒྱུར་བྱེད་སྐབས་རྒྱལ་ཁབ་སུས་ཀྱང་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་དམིགས་ཡུལ་ལ་གདོང་ལེན་ཁ་གཏད་བྱས་མེད་སྟབས་ད་ཆ་རྒྱ་ནག་དང་གོང་གསལ་མཛུབ་མོ་ལྔའི་ས་ཁུལ་དེ་དག་ས་འབྲེལ་ཁྱིམ་མཚེས་ཆགས་ཡོད་པ་རེད། གལ་ཏེ་སྐབས་དེ་དུས་རྒྱ་ནག་གི་དབང་ཤུགས་བཀག་འགོག་ཐུབ་ཡོད་ཚེ་འབྲོག་ལམ་ལྟ་བུའི་རྩོད་རྙོག་བྱུང་མེད་པ་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།