བོད་དོན་དམིཊ་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་བའི་རེ་འདུན་ཞུས།

2018-04-13
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣར་མཇལ་མོལ་སྐབས། ༢༠༡༨།༤།༡༢
སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣར་མཇལ་མོལ་སྐབས། ༢༠༡༨།༤།༡༢
OOT

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་བའི་རེ་འདུན་ཞུས་འདུག
དེ་ཡང་ཟླ ༤ ཚེས ༡༢ ཉིན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་སི་(Nancy Pelosi)མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེཀ་གྷོ་ཝན་(James MCGovern) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་གིས་བོད་དོན་ཆེད་རོགས་དངུལ་ས་ཡ་གསུམ་འཕར་མ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཡང་ཨ་རི་དང་རྒྱ་ནག་དབར་འདྲ་མཉམ་ཐོག་གོ་སྐབས་བརྗེ་ལེན་གྱི་ཆ་རྐྱེན་དེ་དག་བོད་ནང་ལག་བསྟར་གཅིག་མཚུངས་ཡོང་རྒྱུའི་རེ་འདུན་ཡང་བཏོན་གནང་འདུག་ལ།  དེ་བཞིན་རྒྱལ་ཁབ་གཉིས་འདྲ་མཉམ་ཐོག་གོ་སྐབས་བརྗེ་ལེན་བྱེད་སྐབས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་དགོས་པ་མ་ཟད། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ཨང ༤༢༩ ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཞུ་ཕྱོགས་ཀྱི་ཆ་རྐྱེན་དེའི་འོག  ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པ་གསལ་འདོན་བྱས་པ་བརྒྱུད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་བའི་སྐུལ་འདེད་གནང་རོགས་ཞེས་རེ་འདུན་ཞུས་འདུག  ཨ་རིའི་སྲིད་འཛིན་ཊརམཔ་གྱིས་ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་མེད་པ་རེད།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་སི་ཊིབ་ཅ་བྷོཊ་(Steve Chabot) མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨི་ལེ་ཡ་ན་རོ་སི་ལེ་ཊི་ནེན་(Ileana Ros-Lehtinen) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་རྩ་དོན་ཆེད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།