སྲིད་སྐྱོང་མཆོག་གིས་ཧོན་སུར་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་འབྱེད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་འདི་ཚེས་༡༧་ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་༥༠་འཁོར་བའི་དུས་ཆེན་མཛད་སྒོའི་སྟེང་ཕེབས་ཀྱི་ཡོད་པ་ལྟར། འདི་ཚེས་༡༣་ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ནས་ཕེབས་ཐོན་གྱིས་ལམ་ཞོར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ནས། གཞིས་ཆགས་དེའི་རྒྱལ་སྒོ་གསར་རྒྱག་ལེགས་གྲུབ་ཟིན་པའི་དབུ་འབྱེད་གནང་ཡོད་པ་དང་། དེའི་རྗེས་སྲིད་སྐྱོང་མཆོག་དོན་ལྡན་གླིང་རྐང་སྤོལ་འགྲན་བསྡུར་གནང་བའི་མཇུག་སྡོམ་མཛད་སྒོའི་ཐོག་ལྷན་བཞུགས་གནང་ཡོད་པ་རེད་འདུག་ལ། འདི་ཚེས་༡༤་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གནས་གཉིས་ནས་རོགས་རམ་ཐབས་འཚོལ་གནང་ཏེ་དོན་ལྡན་གླིང་གཞིས་ཆགས་ཀྱི་ནང་འཛུགས་བསྐྲུན་ཀྱི་ལས་གཞི་འདྲ་མིན་སྤེལ་དང་སྤེལ་བཞིན་པ་ཁག་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གཟིགས་ཞིབ་གནང་བའི་རྗེས། གཞིས་ཆགས་དེ་བཞིན་གཞིས་ཆགས་ཁག་གཞན་དང་མི་འདྲ་བར་སྤྱི་སྒེར་གཉིས་ཀའི་ཐོག་ཡར་རྒྱས་ཕྱིན་ཡོད་སྐོར་གསུངས་ཡོད་པ་དོན་ལྡན་གླིང་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་༥༠་འཁོར་བའི་དུས་ཆེན་མཛད་སྒོ་དེ་བཞིན་འདི་ཚེས་༡༧་ནས་༢༠་བར་ཉིན་བཞིའི་རིང་འཚོགས་གནང་གི་ཡོད་པ་དང་། ཕྱི་ཚེས་༡༧ཉིན་སྲིད་སྐྱོང་མཆོག་དབུ་བཞུགས་ཀྱིས་མཛད་སྒོ་འགྲུབ་མཚམས་སུ་ཁོང་བཞུགས་སྒར་དུ་ཕྱིར་ཕེབས་གནང་གི་ཡོད་འདུག
སྤྱི་ཚེས་༡༣ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧོན་སུར་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་དང་ལྷན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་ཧོན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ལྷན་བཅར་ཞུས་ཡོད་འདུག
དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་བའི་དུས་ཆེན་ཉིན་གསུམ་རིང་དགོང་དྲོར་དོན་ལྡན་གླིང་གཞིས་ཆགས་ཀྱི་གཞས་པ་གཞས་མ་རྣམས་ཀྱི་གཙོས་བོད་པའི་གཞས་པ་གཞས་མ་རྣམས་མགྲོན་འབོད་ཀྱིས་གཞས་སྣ་འཁྲབ་སྟོན་གྱི་འདུ་འཛོམས་གནང་གི་ཡོད་པ་རེད་འདུག
ཕྱི་ཚེས་༡༨་ཉིན་དོན་ལྡན་གླིང་གཞིས་ཆགས་ཀྱི་སློབ་གྲྭ་བརྙེས་ནས་༥༠་འཁོར་བའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ལྷན་བཞུགས་གནང་རྒྱུ་དང་། ཕྱི་ཚེས་༡༩་ཉིན་ལྷ་མོའི་འཁྲབ་སྟོན་གྱི་ལས་རིམ་དང་དེ་བཞིན་ཕྱི་ཚེས་༢༠་ཉིན་གྱི་མཇུག་བསྡོམས་མཛད་སྒོ་བཅས་ཀྱི་སྐུ་མགྲོན་གཙོ་བོ་བོད་མི་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ལྷན་བཞུགས་གནང་ཡོད་པ་རེད་འདུག
དེའི་རྗེས་ཕྱི་ཚེས་༢༠་ནས་ཕྱི་ཟླ་༣པའི་ཚེས་༡བར་ཉིན་བཅུ་ཙམ་གྱི་རིང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ནི་ཅ་ལིང་གྷ་པ་དམ་པ་དེ་ཉིད་ལྷོ་ཕྱོགས་ཁུལ་གྱི་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་དུས། ཁོང་ལ་རྗེས་དྲན་ཆེད་ལྷོ་ཕྱོགས་ཁུལ་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཡང་ཀོ་ལེ་གྷལ་དོན་ལྡན་གླིང་དུ་འཚོགས་གནང་གི་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།