བོད་ནང་གི་གནས་ཚུལ་ཤེས་རྟོགས་དང་ཞིབ་འཇུག་གནང་རྒྱུ་གནད་འགག་ཆེན་པོ་ཡིན། སྲིད་སྐྱོང་མཆོག་གིས།

2021-08-19
Share
བོད་ནང་གི་གནས་ཚུལ་ཤེས་རྟོགས་དང་ཞིབ་འཇུག་གནང་རྒྱུ་གནད་འགག་ཆེན་པོ་ཡིན། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ༨།༡༨།༢༡
དྲ་བཤུས། /TPI

བོད་ནང་གི་གནས་ཚུལ་ཤེས་རྟོགས་དང་ཞིབ་འཇུག་གནང་རྒྱུ་གནད་འགག་ཆེན་པོ་ཡིན་པ་སྲིད་སྐྱོང་མཆོག་གིས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དབུ་འབྱེད་སྐབས་གསུངས་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཟླ་བ་འདིའི་ཕྱི་ཚེས་༡༨་ནས་༢༠་བར་ཉིན་གྲངས་གསུམ་རིང་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དྲ་ལམ་བརྒྱུད་ཚོགས་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། དེང་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་འབུམ་རམ་པ་དང་རིགས་གཅིག་རྐང་འཛིན་ཐོན་མཁན་བོད་རིགས་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི། བོད་པའི་སྤྱི་ཚོགས་ཀྱི་གཟི་བརྗིད་དང་ཡར་རྒྱས་ཀྱི་རྣམ་པ་གསལ་པོ་ཡིན་པ་དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་དང་ཕ་མའི་སློབ་གསོ་དང་ཕྲུ་གུ་རང་ངོས་ནས་དོ་སྣང་ཤུགས་ཆེར་གནང་པ་སོགས་ལ་བརྟེན་ནས་ཡིན་སྐོར་དང་། འབུམ་རམ་པ་ཐོན་མཁན་དེ་དག་རང་རང་སོ་སོའི་བརྗོད་གཞི་མི་འདྲ་བའི་ཐོག་ཉམས་ཞིབ་དང་རྩོམ་བྲིས་པའི་ཐོག་ཐོན་ཡོད་ན་ཡང་། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་གཙོ་བོ་ནི། བོད་ནང་གི་གནས་ཚུལ་ཤེས་རྟོགས་དང་གནས་སྟངས་ལ་ཞིབ་འཇུག་གནང་རྒྱུ་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།
དེ་བཞིན་ཡང་སྲིད་སྐྱོང་མཆོག་གིས། ང་ཚོའི་སྤྱི་ཚོགས་དེ་བཞིན་མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་འགྲོ་བཞིན་ཡོད་པར་སོང་། ཚང་མས་ཁྲིམས་དང་སྒྲིག་གཞིའི་ཐོག་དོ་སྣང་དང་མཁྱེན་རྟོགས་དགོས་རྒྱུ་གལ་ཆེ་ཡིན་སྐོར་གསུངས་ཡོད་པ་མ་ཟད། ཉམས་ཞིབ་དང་དཔྱད་པ་གནང་སྐབས་ཕྱོགས་ལྷུང་མེད་པའི་ཐོག་ནས་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས་ཡོད་པ་རེད།
དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། བོད་ཀྱི་རྩ་དོན་དང་རང་དབང་དེ་བཞིན་བོད་ཀྱི་ལོ་རྒྱུས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པར་སོང་། ཚང་མས་བོད་ཀྱི་ལོ་རྒྱུས་ཐོག་ལ་ཞིབ་འཇུག་གནང་ནས་མ་འོངས་པར་མི་ཐོག་རྗེས་མར་སོ་སོའི་མི་རིགས་ཀྱི་གནས་འབབ་ཐོག་རྒྱུས་མངའ་དང་སྤོབ་པ་ཡོང་རྒྱུའི་ཆེད་དུ་མུ་མཐུད་ནས་འབད་བརྩོན་གནང་དགོས་སྐོར་གསུངས་ཡོད་པ་རེད།
དེ་བཞིན་ཨ་རིའི་ཁེ་ལི་ཕོ་ནི་ཡ་མངའ་སྡེའི་ཕུ་ལོ་ཀྲོན་མཐོ་རིམ་སློབ་གྲྭའི་སློབ་དཔོན་ཟུར་པ་ངག་དབང་ཕུན་ཚོགས་ལགས་ཀྱིས་བོད་རིག་པའི་སློབ་སྦྱོང་དང་སློབ་ཡོན་གྱི་འོས་འགན། བོད་ཡིག་གི་ཉམས་ཞིབ་རྒྱུ་ཆ་མཁོ་སྤྲོད་བྱེད་ཚུལ་དང་ཉམས་ཞིབ་ཐབས་ལམ་འོས་འཚམས་ཇི་ལྟར་བཟོ་ཚུལ་སྐོར་གཏམ་བཤད་དང་། ཁོང་གིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པས་ལོ་གསུམ་རེའི་ནང་བོད་པའི་ལོ་རྒྱུས་དང་འབྲེལ་བའི་ཞིབ་འཇུག་ཚོགས་འདུ་ཚོགས་བཞིན་པའི་ཐོག་བོད་རིགས་གང་མང་མཉམ་ཞུགས་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས་གནང་སོང་།
ཐེངས་འདིའི་ཉིན་གསུམ་གྱི་ཚོགས་འདུའི་ཐོག་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཙུག་ལག་སློབ་ཆེན་ནང་ཡོད་པའི་བོད་རིགས་སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམ་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་འདྲ་མིན་ནང་ཉམས་ཞིབ་གནང་བཞིན་པའི་ཉམས་ཞིབ་པ་༣༠་ལྷག་ནས་ཨེ་ཤེ་ཡའི་ཚོགས་འདུ་༡༩༤༧་ལས་འཕྲོས་ཏེ་བོད་ཀྱི་རྒྱལ་གླུའི་བྱུང་འཕེལ་སྐོར། བོད་ཀྱི་དམག་དོན་ལོ་རྒྱུས། དམག་ཤུགས་ཀྱི་ནུས་པས་ས་ཁྱོན་རྒྱ་བསྐྱེད་བྱས་ཚུལ། དུས་འཁོར་སྦྱོར་དྲུག་ཉེ་བརྒྱད་བོད་དུ་ཇི་ལྟར་དར་མིན་སོགས་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྤྱི་ཚོགས་བཅས་བརྗོད་གཞི་མི་འདྲ་བ་ཁག་༢༥་ཐོག་གཏམ་བཤད་དང་འགྲོ་གླེང་སོགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།