མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མགྲོན་འབོད་ལྟར་སྲིད་སྐྱོང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

2022.11.02
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མགྲོན་འབོད་ལྟར་སྲིད་སྐྱོང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ། ༡༡།༠༢།༢༠༢༢
CTA

དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། ཚེས་༢ཉིན་གྱི་སྔ་དྲོར་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ནས་འཚམས་གཟིགས་དབུ་འཛུགས་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་ད་ཐེངས་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། དེ་བཞིན་མངའ་སྡེའི་གཞུང་ཕྱོགས་ནས་སྐུ་སྲུང་སོགས་ཀྱི་མཐུན་འགྱུར་རོགས་རམ་ཆ་ཚང་གནང་བཞིན་པས་འཚམས་གཟིགས་ཡག་པོ་ཡོང་བཞིན་པ་དང་། ད་རེས་ས་གནས་བོད་མི་ཙམ་མ་ཟད། ས་གནས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་མོལ་གནང་འཆར་ཡོད་པ་ངོ་སྤྲོད་གནང་བྱུང་། ཡིན་ན་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སྐབས་ཐོག་ས་གནས་སུ་བཞུགས་མེད་པར་བརྟེན་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མིན་ཐད་ད་དུང་གནས་སྟངས་ཁ་གསལ་མེད་པ་གསུངས་བྱུང་།
དེ་བས་ཚེས་༢ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ལྷ་དགོན་བྱང་ཆུབ་ཆོས་གླིང་དགོན་པར་མཆོད་མཇལ་དང་མཉམ། ཏེ་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་། མཉམ་འབྲེལ་སྡེ་ཚན་ཁག ཕྱི་ནང་གཉིས་ཀྱི་སྨན་ཁང་། བུ་བཅོལ་ཁང་། རྒས་གསོ་ཁང་། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་བཅས་ཁྱབ་ཁོངས་ལས་ཁུངས་ཁག་ལ་འཚམས་གཟིགས་སུ་ཕེབས་པ་དང་། ཏེ་ཛུ་སཾམ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་གནང་རྗེས། དེ་གའི་དགེ་ལས་སློབ་ཕྲུག་ཚོར་གསུང་བཤད་གནང་ཡོད་འདུག

sikyong penpa tsering Arunachal (1).jpg
ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀཱ་རི་ཁོ་ཀིརི་(Karikho Kri)་ལགས་དང་། དེ་བཞིན་ཏི་ཛུ་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཨན་གན་མི་ནི་(Angen Mini)་ལགས་རྣམ་གཉིས་དང་ལྷན་མཇལ་མོལ་གནང་ཡོད་པ་རེད།
ད་དུང་ཏི་ཛུ་དར་རྒྱས་གླིང་གི་གཞིས་གྲོང་ཁག་ལྔ་ལ་འཚམས་གཟིགས་ཕེབས་པ་དང་། དེ་བཞིན་ས་གནས་མང་ཚོགས་དང་ཐུག་འཕྲད་གནང་རྗེས། དགོང་དྲོ་ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས་ཀྱི་ཡུམ་བུ་ལྷ་ཁང་ཚོགས་ཁང་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ས་འགོ་ལས་ཁུངས་དང་། ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གིས་དགོང་དྲོའི་གསོལ་སྟོན་གོ་སྒྲིག་གནང་ནས་རིག་གཞུང་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུས་གནང་ཡོད་འདུག
དེ་ལྟར་རིམ་པས་སྲིད་སྐྱོང་མཆོག་མེའོ་ཆོས་འཕེལ་གླིང་དང་། ཀྲུ་ཀྲིང་། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་བཅས་སུ་ཆེད་ཕེབས་གནང་རྒྱུ་ཡིན་འདུག
ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བ་ནི། སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཁུལ་དེར་འཚམས་གཟིགས་གནང་བ་ཐོག་མ་ཡིན་པ་དང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉེ་ལམ་ཕྱི་ཟླ་བཅུ་པའི་ཚེས་༢༦ནས་འགོ་བཙུགས་ཀྱིས་རྒྱ་གར་གྱི་ཨུ་ཌར་ཁན་དང་། བྷི་ཧར། མེ་གྷ་ལ་ཡ། ན་ག་ལེན་ཌ་མངའ་སྡེ་བཅས་ཀྱི་ནང་དུ་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་བཞིན་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎