སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་བྱེད་ཁག་ཅིག་དང་མཇལ་མོལ་གནང་འདུག

2022.04.29
སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་བྱེད་ཁག་ཅིག་དང་མཇལ་མོལ་གནང་འདུག སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་བྱེད་ཁག་ཅིག་དང་མཇལ་མོལ་གནང་སྐབས། ༠༤།༢༩།༢༠༢༢
རྟ་མགྲིན་དབང་ཕྱུག /RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་སྣེ་ཁྲིད་འོག་བོད་མིའི་སྐུ་ཚབ་ཚོགས་པས་ཨ་རིའི་རྒྱལ་སའི་ཁུལ་དུ་གཞུང་འབྲེལ་ལས་དོན་གྱི་ཉིན་མཐའ་མ། འདི་ཚེས་༢༩ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་འགོ་ཁྲིད་ལས་བྱེད་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་ལས་བྱེད་བཅུ་གྲངས་ཤིག་དང་མཇལ་འཕྲད་ཀྱིས། ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་གནས་བབ་སྤྱིའི་བཅས་ངོ་སྤྲོད་དང་། བོད་ཀྱི་མང་གཙོའི་འཕེལ་རིམ་གྱི་ཐད་ལ་གཏམ་བཤད་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་ན། སྐབས་དེར་གྲོས་ཚོགས་ཀྱི་ལས་བྱེད་པ་ཚོར་བོད་ཀྱི་གནས་སྟངས་ངོ་སྤྲོད་དང་འབྲེལ་ལམ་བཟོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
སྲིད་སྐྱོང་མཆོག་གིས་འདས་པའི་ཉིན་ལྔའི་རིང་ལ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སིས་དབུས་པའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་གནད་འགག་ཅན་གྱི་འཐུས་མི་མཐོ་གྲས་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་ཅིང་། ལས་དོན་དངོས་ཀྱི་ཐོག་ལ་ཤུགས་རྐྱེན་ཡོད་པའི་གྲོས་ཚོགས་འཐུས་མིའི་ལས་བྱེད་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བོད་དོན་ཐད་ཆུ་ཚོད་གཅིག་རིང་བཀའ་མོལ་གནང་སྟེ། འབྲེལ་ལམ་བཟོས་ཡོད་པས། ཚོགས་འདུར་ཕེབས་ཞུགས་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་གསུངས་ན། ལས་བྱེད་དེ་དག་གནད་འགག་ལ་ཐུག་དུས་ཤུགས་རྐྱེན་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

NDI photo2.jpeg

ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་རྣམ་པ་ཁག་ཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་མཇལ་བའི་གནས་ཚུལ་སྐོར་བཀའ་འདྲི་ཞུས་པར། ཁོང་ཚོས་བརྒྱུད་ལམ་ཁག་ལ་བཀའ་མོལ་གནང་བདེ་བྱས་མེད་མེད་ཀྱང་། ཚོགས་ཞུགས་པ་ཨ་རིའི་ཝར་ཇི་ནི་ཡ་རྫོང་ཁག་༡༡པའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་གྷེ་རི་ཀོ་ལོ་ནི་ལགས་ཀྱི་ལས་ཁུངས་སུ་ཉམས་གསོག་ལས་ཀ་བྱེད་བཞིན་པ་ཀལཡེར་ལགས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ལས་དོན་ལ་ཞུགས་རྒྱུ་གལ་ཆེན་པོ་མཐོང་བྱུང་། ངའི་གྲོས་ཚོགས་ཀྱི་འཐུས་མི་ཀོ་ནོ་ལི་ལགས་ཀྱི་ཁྱབ་ཁོངས་ཝར་ཇི་ནི་ཡའི་ས་ཁུལ་དུ་ཆ་མཚོན་ན་བོད་མི་བཙན་བྱོལ་བ་ཡོད་པས། སྲིད་སྐྱོང་མཆོག་གིས་གསུངས་པའི་བཀའ་མོལ་བཞིན་ངའི་བསམ་བློར་ཟུག་པོ་དང་གོ་རྟོགས་བྱུང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཚེས་༢༩ཉིན་གྱི་ཕྱི་དྲོར་ཨ་རིའི་རྒྱལ་སའི་ཇཱོར་ཇི་ཝ་ཤིན་ཀྲོན་གཙུག་ལག་སློབ་ཆེན་དུ་ལོ་ངོ་སུམ་བཅུའི་རིང་གི་བོད་རྒྱ་འབྲེལ་མོལ་ལ་བསྐྱར་ཞིབ་རང་བཞིན་གྱི་ཆུ་ཚོད་གསུམ་རིང་གི་བགྲོ་གླེང་ལ་མཉམ་ཞུགས་གཏམ་བཤད་གནང་རྒྱུ་དང་། དགོང་མོ་ཨ་རིའི་རྒྱལ་སའི་མངལ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་སྣེ་ལེན་གསོལ་སྟོན་ཐོག་ཕེབས་ཀྱི་ཡོད་པ་རེད།
དེ་ནས་ཚེས་༣༠ཉིན་ཨ་རིའི་ནིའུ་ཡོག་ཕྱོགས་སུ་ཕེབས་ཐོན་གནང་གི་ཡོད་ཅིང་། ཁུལ་དེར་རེས་གཟའ་སྤེན་པ་དང་ཉི་མ་བཅས་སུ་མང་ཚོགས་ལ་གཏམ་བཤད་སོགས་ཀྱི་མཛད་རིམ་བང་སྒྲིག་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎