སྲིད་སྐྱོང་མཆོག་གིས་རྒྱ་གར་ཨུ་ཏར་ཁནྚ་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་དྲུང་ཆེ་བཅས་དང་མཇལ་མོལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སིར་མོར་རྫོང་ཁོངས་ཀྱི་བོད་མི་གནས་ཡུལ་ས་གནས་ཁག་ལ་འཚམས་གཟིགས་འགྲུབ་ནས། ཕྱི་ཚེས་༢༨ ཉིན་ནས་རྒྱ་གར་ཨུ་ཏར་ཁནྚ་(uttarakhand)་མངའ་ཁུལ་དུ་བོད་མི་གནས་ཡུལ་ས་གནས་ཁག་ལ་འཚམས་གཟིགས་གནང་བཞིན་པ་དང་། སྤྱི་ཟླ་༡༠བའི་ཚེས་༡ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨུ་ཏར་ཁནྚ་མངའ་སྡེའི་སྲིད་སྐྱོང་གུར་མིཊ་སིངྷ་(Gurmit Singh)་ལགས་དང་། ཨུ་ཏར་ཁནྚ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལྕམ་རཱ་ད་ར་ཏུ་རི་(Radha Raturi)་ལགས་བཅས་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་དང་། སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ལྷན་བཅར་ཐོག་ས་གནས་བོད་མིའི་བདེ་སྡུག་གནང་སྟངས་སོགས་སྙན་སེང་ཞུས་ཡོད་འདུག་ལ། དེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་ཉེ་ཁུལ་གྱི་ས་ཆ་ཁག་ཅིག་ལ་རྟོག་ཞིབ་གནང་ཡོད་འདུག
དེའི་སྔོན་སྤྱི་ཟླ་༩བའི་ཚེས་༣༠ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འབྲི་གུང་བྱང་ཆུབ་ཆོས་གླིང་དགོན་པར་མཆོད་མཇལ་དང་། མངོན་དགའ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་གཟིགས་སྐོར་དང་འབྲེལ། དགེ་ལས་སློབ་ཕྲུག་ལྷན་མཇལ་མོལ་གནང་རྗེས་སྟོང་བཙན་ཕོ་ལོང་བསྟི་གནས་ཁང་དུ་གཟིགས་སྐོར་གནང་ཡོད། དེ་ནས་ཚེ་རིང་དོན་ལྡན་གཞིས་ཆགས་སུ་འཚམས་གཟིགས་གནང་སྟེ། ནོར་གླིང་ཚོགས་ཁང་དུ་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་འདུག
ཉིན་རྒྱབ་སྲིད་སྐྱོང་མཆོག་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་འཚམས་གཟིགས་དང་། སྡེ་ར་ལྡུན་དུ་ཡོད་པའི་བྱེས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུ་གནས་གཟིགས་སུ་ཕེབས་སྐབས་ཨ་ལག་རིགས་སྒྲ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུས་རྗེས་དཔལ་བདེ་ཆེན་ཆོས་འཁོར་གླིང་དང་། སྨིན་གྲོལ་གླིང་དགོན་གཉིས་སུ་གནས་གཟིགས་དང་། དོན་གྲུབ་གླིང་གཏན་སློབ་ཏུ་འཚམས་གཟིགས་དང་བཅས་སློབ་གྲྭའི་ཐོག་ཁེབས་ལྕགས་ཤོག་དབུ་འབྱེད་གནང་འདུག དེ་ནས་སྲིད་སྐྱོང་མཆོག་གིས་ཕུན་ཚོགས་དཔལ་འཁྱིལ་ཚོགས་ཁང་དུ་གཞིས་མི་མང་ཚོགས་ལ་བོད་དོན་གཏམ་བཤད་གནང་སྐབས། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༠ཙམ་ནས་བོད་ཤར་ཕྱོགས་ནས་བོད་བཙན་བཟུང་བྱ་འགོ་ཚུགས་པ་དང་། ཕྱི་ལོ་༡༩༥༡ལོར་ཆིངས་ཡིག་དོན་ཚན་བཅུ་བདུན་ཞེས་པ་བཙན་ཤེད་ཀྱིས་བཞག་ཏུ་བཅུག་སྟེ། བོད་ཀྱི་བདག་དབང་བཙན་འཕྲོག་བྱས་ཡོད་པ་སོགས་ཀྱི་གནས་སྟངས་དང་། གཞན་བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆ་དང་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་གནང་ཕྱོགས། འདི་ལོར་ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་སྐོར། རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་དང་གོ་རྟོགས་སྤེལ་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཁྱད་པར་དུ་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲད་དེ་བོད་རིགས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་རེད།
སྤྱི་ཚེས་༢༩ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་སྐྱ་ཆོས་སྒར་དུ་གནས་གཟིགས་གནང་། སྐབས་དེར་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། ས་སྐྱ་ཆོས་སྒར་གྱི་དབུ་འཛིན། ས་སྐྱ་མཐོ་སློབ་ཀྱི་སློབ་སྤྱི། བཙུན་དགོན་གྱི་དབུ་འཛིན་བཅས་ཀྱིས་ཕེབས་བསུ་དང་མཉམ། དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་གཉིས་ལ་མཇལ་བཅར་ཞུས་ཡོད་འདུག དེའི་རྗེས་རཱཇ་པུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭར་འཚམས་གཟིགས་སུ་ཕེབས་ཏེ་བཟོ་གྲྭའི་སྡེ་ཁག་སོ་སོར་གཟིགས་སྐོར་གནང་རྗེས་ས་གནས་མང་ཚོགས་ལ་བོད་དོན་གཏམ་བཤད་གནང་ཡོད་འདུག
ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་བདེ་སྐྱིད་གླིང་གཞིས་ཆགས་དང་། བདེ་སྐྱིད་གླིང་སྔོན་འགྲོའི་སློབ་གྲྭ བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭ་གཉིས་སུ་གཟིགས་སྐོར་གནང་རྗེས་པོ་ཏ་ལ་ཚོགས་ཁང་དུ་བདེ་སྐྱིད་གླིང་དང་དགེ་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་མང་ཚོགས་ལ་བོད་དོན་གཏམ་བཤད་གནང་སྐབས། སྲིད་སྐྱོང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་ཕུགས་རྒྱང་རིང་པོར་དགོངས་བཞེད་མཛད་པར་བརྟེན་བཙན་བྱོལ་ནང་དུ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཚགས་ཚུད་སྲ་བརྟན་ཚུགས་ཐུབ་པ་བྱུང་ཞིང་། དེ་ཡང་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་རྗེས་མི་རབས་རྒན་པའི་རྣམས་ཀྱི་ལྷག་བསམ་མཛད་རྗེས་ལ་བརྟེན་ནས་བྱུང་ཡོད་པས་མི་རབས་རྒན་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས། དེའི་རྗེས་ས་གནས་འཕྲོད་བསྟེན་སྨན་ཁང་དུ་གཟིགས་སྐོར་གནང་ཡོད་པ་རེད།
སྤྱི་ཚེས་༢༨ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རཱཇ་པུར་དགེ་འཕེལ་གླིང་རྒས་གསོ་ཁང་ལ་འཚམས་གཟིགས་དང་རྒན་རྒོན་རྣམས་དང་མཇལ་འཕྲད་གནང་ཡོད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།