སྲིད་སྐྱོང་མཆོག་གིས་བོད་དང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་བརྒྱུད་བོད་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་ངོ་སྤྲོད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚ་རིང་ལགས་ཟླ་བ་འདིའི་ཕྱི་ཚེས་༢ ནས་འགོ་བཙུགས་ཀྱི་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང་འབུམ་སྡེ་ལ། རྟ་དབང་། ལྡི་མ་པུར། ཤི་ལོང་དང་སྒང་ཏོག་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནུབ་སྦང་གྷལ་གྱི་གྲོང་ཁྱེར་ས་ལུ་སྒར་ཕེབས་འབྱོར་གྱི་ཁུལ་དེར་གནས་སྡོད་ཁ་མཐོར་བོད་མི་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་བྱང་ཤར་ཀ་ལོན་སྦུག་དུ་ཕེབས་འབྱོར་གྱིས་དེ་ཉིན་ཞོག་པ་ཀ་སྦུག་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་ལྷན་དུ་ཐུག་འཕྲད་ཀྱི་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་འབྲེལ་བའི་ཐོག་གསུང་བཤད་གནང་སྐབས་ཁོང་གིས། གལ་ཏེ་ང་ཚོས་རྒྱ་གར་དང་བོད་དབར་གྱི་ལོ་རྒྱུས་ཀྱི་འདྲ་མཚུངས་བསྡུར་བ་ཡིན་ན། བོད་ལྟ་བུ་མཚོན་ན་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཁོང་རྒྱ་གར་ནས་ཡོང་བ་ཞིག་ཡིན་པ་དང་། དེས་བོད་དང་རྒྱ་གར་དབར་གྱི་འབྲེལ་ལམ་ལོ་ངོ་ ༢༣༠༠ གོང་ནས་ཡོད་པ་ཤེས་ཐུབ། མ་ཟད་དུས་རབས་བདུན་པའི་ནང་ཐོན་མི་སམ་བྷོ་ཊས་རྒྱ་གར་ནས་དཔེ་བླངས་སྟེ་བོད་ཀྱི་ཡི་གེ་ཐོག་མར་གསར་གཏོད་གནང་བ་དང་། ལྷག་པར་དུ་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ནང་ནང་པ་སངས་རྒྱས་པའི་ཆོས་དར་ཁྱབ་བྱུང་ཡོད་པ་མ་ཟད་དུས་རབས་བརྒྱད་པ་ནས་བཅུ་གསུམ་བར་པཱ་ལི་དང་སནསི་ཀི་རིཏ་ནང་ཡོད་པའི་ནང་པ་སངས་རྒྱས་པའི་དཔེ་ཆ་ཕལ་ཆེ་བ་བོད་ཡིག་ནང་ཕབ་འགྱུར་གནང་ཐུབ་པ་བྱུང་ཡོད་པ་རེད། ད་ལྟའི་ཆར་ནང་པ་སངས་རྒྱས་པས་ཆོས་ཆ་ཚང་བ་ཞིག་ཡོད་པ་དེ་བོད་ཡིག་ཁོ་ནའི་ནང་ཡོད་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བོད་པའི་སྐད་ཡིག་དེ་བཞིན་གལ་ཆེན་པོ་ཡིན་པའི་བཀའ་ཡང་ཡང་སྩལ་བཞིན་ཡོད་པ་རེད། དུས་རབས་བཅུ་གསུམ་པའི་དབུས་སུ་བོད་དང་སོག་པའི་དབར་འབྲེལ་ལམ་འགོ་བཙུགས་གནང་ཡོད་པ་དང་། སྐབས་དེ་དུས་སོག་པོས་རྒྱ་ནག་ལ་བཙན་འཛུལ་བྱེད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༦༤༤ ནས་ ༡༩༡༡ བར་མན་ཇུས་རྒྱ་ནག་ལ་དབང་སྒྱུར་བྱེད་ཡོད་པ་དང་སྐབས་དེའི་ཕྱི་ལོ་ ༡༦༤༢ ལོ་ནས་བོད་ནང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་སྲིད་གཞུང་འཛིན་ཡོད་པ་རེད། ཕྱི་ལོ་༡༩༠༤ ལོར་དབྱིན་ཇིའི་དམག་དཔུང་བོད་དུ་འབྱོར་ནས་བོད་ལ་བཙན་འཛུལ་བྱས་སྐབས་བོད་ལ་སྲུང་སྐྱོབ་ཆེད་དུ་རྒྱ་ནག་གི་དམག་མི་ཡོད་པ་མ་རེད། དེས་རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤེས་རེད་ཟེར་བ་དེ་བདེན་པ་མིན་པ་ར་སྤྲོད་བྱེད་ཐུབ་སྐོར་གསུངས་ཡོད་པ་རེད།
ཡང་ཁོང་གིས་མུ་མཐུད་གསུངས་དོན་དུ། ཕྱི་ལོ་ ༡༩༡༢ ལོར་རྒྱ་ནག་ནང་རྒྱལ་ཞེན་རིང་ལུགས་ཀྱི་ལས་འགུལ་བྱུང་ནས་ཆིང་རྒྱལ་རྒྱུད་ཉམས་རྒུད་བྱུང་སྐབས་བོད་ནང་ལོག་ནས་རྒྱ་མིའི་དམག་མི་ཚང་མ་རྒྱ་གར་བརྒྱུད་ནས་ཕྱིར་ཕུད་གཏོང་ཡོད་པ་རེད། ཁོང་ཚོ་རྒྱ་ནག་ལ་མ་ལོག་ནས་ཕལ་ཆེ་བ་རྡོ་རྗེ་གླིང་། ཀ་ལོན་སྦུག་དང་ཀོལ་ཀ་ཊ་བཅས་ཀྱི་ནང་གནས་སྡོད་བྱེད་ཡོད་པ་རེད། སྐབས་དེ་དུས་བོད་དང་སོག་པོའི་དབར་མཛའ་འབྲེལ་དང་མཐུན་འགྱུར་གྱི་ཆིངས་ཡིག་བཞག་ནས་གཉིས་ཀར་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་བྱེད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༡༤ ལོར་ཤིང་སྟག་ཤིམ་ལའི་ཆིངས་ཡིག་བཞག་སྐབས་བོད་དང་དབྱིན་ཇིའི་དབར་མེག་མོ་ཧན་ས་ཐིག་འཐེན་ནས་ཧིན་བོད་ས་མཚམས་དབྱེ་བ་ཕྱེ་ཡོད་པ་རེད། ད་ཆ་རྒྱལ་སྤྱིའི་གསར་ཁང་ཁག་ཅིག་གིས་རྒྱ་དཀར་ནག་གི་ས་མཚམས་ཞེས་འབོད་བཞིན་ཡོད་ན་ཡང་རྒྱ་གར་གཞུང་ཕྱོགས་ནས་ཧིན་བོད་ས་མཚམས་དང་ཧིན་བོད་ས་མཚམས་སྐོར་སྲུང་ཞེས་ཤོད་བཞིན་པ་དེ་རྒྱ་གར་གཞུང་གྱི་བོད་དང་བོད་ཀྱི་ས་མཚམས་ཐད་ལངས་ཕྱོགས་གསལ་པོ་རྟོགས་ཐུབ་པ་དང་། གལ་ཏེ་མེག་མོ་ཧན་དེ་ས་མཚམས་ཞིག་ལ་ངོས་ལེན་བྱེད་བཞིན་ཡོད་ན་བོད་དེ་བཞིན་རང་བཙན་གཙང་མའི་གནས་བབ་ཞིག་ལ་ངོས་འཛིན་བྱ་དགོས་པ་གསུངས་གནང་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་འདི་ཚེས་ ༨ ཕྱི་དྲོ་སྒང་ཏོག་དུ་ཕེབས་འབྱོར་གནང་ཡོད་པ་དང་ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་སྒང་ཏོག་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ལ་གནས་གཟིགས་དུ་ཕེབས་ཡོད་པ་རེད། ཕྱི་ཚེས་ ༡༠ ཞོགས་པ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དང་ཉིན་རྒྱབ་སྒང་ཏོག་ཁུལ་དུ་གནས་སྡོད་བོད་མི་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།