སྲིད་སྐྱོང་མཆོག་གིས་གྲགས་ཅན་སློབ་ཆེན་དུ་བོད་དོན་གཏམ་བཤད།


2016.11.01
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབྱིན་ཇིའི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་དུ་གཏམ་བཤད་གནང་བཞིན་པ། ༢༠༡༦།༡༠།༣༡ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབྱིན་ཇིའི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་དུ་གཏམ་བཤད་གནང་བཞིན་པ། ༢༠༡༦།༡༠།༣༡
fb

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབྱིན་ཇིའི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་དུ་གཏམ་བཤད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཉེ་སྔོན་དབྱིན་ཡུལ་དུ་གཞུང་དོན་ཕྱོགས་ཕེབས་སུ་འབྱོར་ཡོད་པ་ལྟར། སྤྱི་ཟླ་བཅུ་བའི་ཚེས་༣༡་ཉིན། westminster་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ཕེབས་འབྱོར་གྱིས། དེ་གའི་གཙུག་ལག་སློབ་ཆེན་པ་ལྔ་བཅུ་ལྷག་ལ། ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་སྐོར་ནས་གཏམ་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དམངས་གཙོའི་ལྟ་གྲུབ་ཀྱི་ཕྱོགས་ནས་གསུང་བཤད་གནང་སྐབས་སུ། དམངས་གཙོ་དང་དམིགས་བསལ་གྱིས་བཙན་བྱོལ་སྤྱི་ཚོགས་སུ་དམངས་གཙོ་ལག་ལེན་དུ་བསྟར་པའི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་། དམིགས་བསལ་གྱི་ཁོར་ཡུག་དེ་འདྲའི་འོག་གི་དམངས་གཙོའི་སྟོབས་ཤུགས་དང་དེས་གདོང་ལེན་བྱ་དགོས་པའི་གནད་དོན་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བ་མ་ཟད། སློབ་མ་རྣམས་ཀྱིས་བཏོན་པའི་དྲི་བ་འདྲ་མིན་མང་བོ་ཞིག་ལ་ལན་འདེབས་གནང་ཞིང་། ཚོགས་ཞུགས་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་འདུག
ཉིན་དེའི་ཕྱི་དྲོར་སྲིད་སྐྱོང་མཆོག་གིས་Oxford་གཙུག་ལག་སློབ་གྲྭ་ཆེན་མོ་དང་དཔེ་མཛོད་ཁང་སོགས་ལ་གཟིགས་སྐོར་གནང་བ་མ་ཟད། དེ་གའི་Merton་སློབ་གླིང་གི་གདན་ཞུས་ལྟར་ཆེད་ཕེབས་ཀྱིས། དེ་གའི་སློབ་མ་རྣམས་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་སྲིད་ཇུས་དང་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་ཀྱི་གནད་སེལ་ཐབས་བྱ་རྒྱུར་འབད་བརྩོན་ཞུ་བཞིན་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་རྗེས་སུ། དེ་གའི་སློབ་མ་རྣམས་ཀྱི་དྲི་བར་ལན་འདེབས་དང་ཁོ་ཚོ་རེ་འདུན་ལྟར། མཉམ་དུ་སྐུ་པར་བསྐྱོན་པ་སོགས་གནང་ཞིང། དགོང་མོ་དེར་སློབ་གླིང་དེ་གའི་ཆེས་མཐོ་བའི་སྐུ་མགྲོན་གྱི་གསོལ་ཚིགས་ལ་གདན་འདྲེན་ཞས་དོན་ལྟར། དེ་གའི་མགྲོན་འབོད་ཕེབས་པ་མ་ཟད། འབྲེལ་ཡོད་ཀྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་རྣམས་དང་མཉམ་དུ་བོད་དོན་གླེང་མོལ་གནང་ཡོད་འདུག
སྲིད་སྐྱོང་མཆོག་Oxford་གཙུག་ལག་སློབ་ཆེན་དུ་ཕེབས་འབྱོར་སྐབས་ནས་བཟུང་། དེ་གའི་oxford་མཐུན་ཚོགས་ཀྱིས་འཛམ་གླིང་གི་མི་སྣ་གྲགས་ཅན་དང་འདྲ་བའི་སྲུང་སྐྱོབ་དང་སྣེ་ལེན་གཟབ་རྒྱས་གནང་ཡོད་འདུག

གསར་འགོད་པ་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎