བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་ཐེངས་གཉིས་པའི་དམ་འབུལ།

2016-05-27
གློག་འཕྲིན།
མཆན།
Share
པར་བཀོད།
བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་ཐེངས་གཉིས་པའི་དམ་འབུལ་གནང་སྐབས། ༢༠༡༦།༥།༢༧
བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་ཐེངས་གཉིས་པའི་དམ་འབུལ་གནང་སྐབས། ༢༠༡༦།༥།༢༧
བསྟན་འཛིན་དོན་ཡོད།/RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་བསྐྱར་དུ་སྲིད་སྐྱོང་དུ་འོས་འདེམས་བྱུང་ནས། ཕྱི་ཟླ་ལྔ་པའི་ཚེས་༢༧་ཉིན་མ་འོངས་ལོ་ལྔའི་རིང་སྲིད་སྐྱོང་གི་ཐུགས་འགན་བཞེས་རྒྱུའི་ལས་འཁུར་དམ་འབུལ་བཞེས་ཡོད་པ་དང་། ༧གོང་ས་མཆོག་གིས་ང་ལ་གྲོགས་པོའི་འདུ་ཤེས་ཡོད་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ནམ་ཡང་མ་བྱེད་ཞེས་ནན་སྐུལ་གནང་ཡོད་པ་རེད།
སྲིད་སྐྱོང་ལས་འཁུར་གྱི་དམ་འབུམ་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧ཞབས་སོར་འཁོད་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་གསུང་བཤད་གནང་བའི་ནང་དོན་གཙོ་བོར། འབྱུང་འགྱུར་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་རིང་སྔར་བཞིན་གཅིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་གཞི་རྕའི་ལྟ་གྲུབ་གསུམ་རྒྱབ་རྟེན་དུ་བཟུང་སྟེ་བཀའ་ཤག་སྐབས་བཅུ་བཞི་པའི་རིང་ལས་འཆར་མང་པོ་ཅིག་བསྒྲིག་ཡོད་པ་རྣམས་མུ་མཐུད་མཇུག་སྐྱོང་ཐོག ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྔར་ལས་ལྷག་པའི་ནུས་པ་ཐོན་པ་ཡོང་ཆེད་ལས་གཞི་གསར་པ་ཇི་དགོས་དུས་ནས་དུས་སུ་རྟག་ཞིབ་ཟབ་ནན་གྱིས་འབད་བརྩོན་གནང་རྒྱུ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་  ༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་ཞུ་རྒྱུ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་གོམས་གཤིས་རྣམས་ཉམས་ཆག་མེད་པར་རྒྱུན་འཛིན་ཐུབ་ཐབས་དང་། བོད་མིའི་ཤེས་ཡོན་གནས་ཚད་རྒྱལ་སྤྱིའི་ནང་འགྲན་ཐུབ་པ་ཞིག་ཡོང་རྒྱུར་མཐོ་སློབ་དང་། གཙུག་ལག་སློབ་གྲྭ་ཁག་ནང་ཡོད་པའི་སློབ་ཕྲུག་རྣམས་གཙོ་བོར་གྱུར་པའི་བོད་རིགས་གཞོན་སྐྱེས་ཚོར་ཤེས་ཡོན་ཐོག་ནུས་ཤུགས་སྒྲིལ་དགོས་པའི་སྐུལ་མ་གནང་རྒྱུ་དང་། ལྷག་པར་དུ་བོད་མི་ནང་ཁུལ་ཆོས་ཁ་དང་ཤོག་ཁག་ཕྱོགས་རིས་མེད་པར་མཐུན་ལམ་རྡོག་རྩ་གཅིག་སྒྲིག་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ། མཐའ་དོན་བོད་མི་རིགས་ཀྱི་གནས་བབ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རྒྱ་གར་གཞུང་མང་གཉིས་ནས་ད་བར་གཏོང་ཕོད་ཆེན་པོའི་སྒོ་ནས་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེས་ཞུ་རྒྱུ་དང་འབྲེལ་བོད་དོན་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་གི་སྲིད་གཞུང་དང་། གྲོས་ཚོགས་ཀྱི་འཐུས་མི། ཚོགས་པ་དང་གང་ཟག་བྱེ་བྲག་པ་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཞུས་གནང་འདུག
དེ་ནས་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་ཆོལ་གསུམ་ཆོས་ལུགས་དང་བཅས་བ་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་སྐོར་ནན་གྱིས་གསུངས་བ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉེ་ལམ་སྲིད་སྐྱོང་གི་འོས་བསྡུའི་འགྲན་རྩོད་སྐབས་ཀྱི་གནས་ཚུལ་ལས་འཕྲོས་ཏེ་ཉེ་ལམ་བོད་མིིའི་འོས་བསྡུ་ཆེན་མོའི་སྐབས། བོད་མིའི་ཡ་རབས་བཟང་སྤྱོད་ལ་མཐུས་ཤོར་གྱི་རྣམ་པ་བྱུང་ཡོད་པ་དེར་བློ་ཕམ་བྱུང་བ་དང་། ལྷག་པར་དུ་འོས་བསྡུའི་སྐབས་རེ་ཟུང་གི་བྱེད་ལས་ཀྱི་རྐྱེན་པས་ཆོལ་ཁའི་འཐེན་འཁྱེར་ཀྱི་རྣམ་པ་ཐོན་ཡོད་པ་དེ་ཧ་ཅང་གི་བློ་ཕམ་ཞིག་ཡིན་སྟབས། བོད་མི་ཚོས་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ཀྱི་དབྱེ་འབྱེད་རིགས་ནམ་ཡང་མི་ཡོང་བ་བྱ་རྒྱུ་དེ་སེམས་ལ་བཅངས་སྟེ་བོད་མི་ཡོངས་རྫོགས་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་གཅིག་སྒྲིལ་བྱེད་དགོས་པས། ང་ལ་ཏོག་ཙམ་གྲོགས་པོའི་འདུ་ཤེས་འདྲ་ཡོད་ན་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་ནམ་ཡང་མ་བྱེད་ཞེས་ནན་སྐུལ་གནང་ཡོད་པ་རེད།

གསར་འགོད་པ་འཆི་མེད་དང་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།