སྲིད་སྐྱོང་མཆོག་ཨ་རིའི་གནད་ཡོད་མི་སྣ་དང་མཇལ་འཕྲད།


2013-11-15
Share
སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྲིད་སྐྱོང་མཆོག་ཨ་རིའི་གནད་ཡོད་མི་སྣ་དང་མཇལ་འཕྲད།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ་བཀྲ་ཤིས།

སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་གཞུང་དོན་གཟིགས་སྐོར་དང་། མཐོ་རིམ་མི་སྣར་མཇལ་འཕྲད་གནང་ནས་བོད་དོན་གླེང་མོལ་བྱས་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་འདི་གའི་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་སྐབས་གསུངས་དོན། ནམ་རྒྱུན་ཕྱིའི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་སྐབས་སྤྱི་མཚུངས་། རྒྱལ་ཁབ་དེའི་སྲིད་འཛིན་དང་སྲིད་བློན་ལས་ཁུངས། ཕྱི་སྲིད་ལས་ཁུངས་ཁག་གི་གནད་ཡོད་མི་སྣ་ལ་མཇལ་འཕྲད་དང་། གྲོས་ཚོགས་གོང་འོག་གི་གནད་ཡོད་འཐུས་མི་བཅས་ལ་མཇལ་འཕྲད་བྱས་ནས་བོད་དོན་གླེང་སློང་བྱེད་རྒྱུ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། མཁས་དབང་ཁག་ལ་མཇལ་འཕྲད་ནས་བྱས་ནས་བོད་དང་རྒྱ་ནག་གི་གནས་སྟངས་གླེང་མོལ་དང་བསམ་ཚུལ་བརྗེ་ལེན་བྱེད་པ། དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་གསར་འགོད་པ་དང་། རྩོམ་སྒྲིག་མི་སྣར་ཐུག་ནས་བོད་དོན་གནས་སྟངས་ངོ་སྤྲོད་བྱེད་པ། གཞན་ཕྱི་ནས་དཔལ་འབྱོར་གྱི་གཙོ་བའི་རོགས་རམ་རག་ཐབས་བྱེད་བཞིན་པ་ད་ཐེངས་གཅིག་མཚུངས་བྱས་བ་ཡིན། དམིགས་བསལ་ད་ཐེངས་ཨ་རིར་ཡོང་ནས་བོད་མི་ལྔ་སྟོང་ཨ་རིར་ལེན་འཆར་ལ་བསྐྱར་ཏུ་འབོད་སྐུལ་བྱེད་རྒྱུ་བྱུང་ལ་། དེ་བཞིན་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་འགོར་འགྱངས་མེད་པར་གང་མགྱོགས་བསྐོ་བཞག་ཡོང་བའི་རེ་སྐུལ་ནན་སྐུལ་བྱས་པ་ཡིན་ཅེས་གསུངས།

སྲིད་སྐྱོང་མཆོག་གིས་ད་ཐེངས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་དམངས་གཙོ་ཚོགས་པའི་འཐུས་མི་Senator Harry Reid མཆོག་དང་། གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Ed Royce སོགས་གནད་ཡོད་མི་སྣ་དང་མཇལ་འཕྲལ་གྱིས་བོད་དོན་གླེང་སྐབས་ཁོང་ཚོས་བོད་དོན་དང་། དམིགས་བསལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་ཐུགས་སྣང་དང་སྐྱོ་སྣང་ཆེན་པོ་གནང་བཞིན་པ་གསུངས་ཡོད།

དེ་བཞིན་སྲིད་སྐྱོང་མཆོག་གིས་མུ་མཐུད་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡང་གཞུང་དོན་མཛད་འཆར་བསྐྱངས་རྒྱུ་དང་། ཚེས་༡༧ཉིན་དེར་ཡོད་བོད་མི་ཚོར་བོད་དོན་གཏམ་བཤད་སྤེལ་འཆར་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།