བོད་རིགས་ཞིག་གིས་རྒྱ་ནག་གི་གླུ་སྐད་སྙན་མོའི་རྒྱལ་ཡོངས་འགྲན་བསྡུར་གྱི་རྒྱལ་ཁ་བླངས།

2018-10-09
གློག་འཕྲིན།
མཆན།
Share
པར་བཀོད།
གླུ་བ་བསྟན་འཛིན་ཉི་མ་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་༼ཀྲུང་གོའི་གླུ་སྐད་སྙན་མོ་༽ཞེས་པའི་འགྲན་བསྡུར་ཨང་དང་པོ་བླངས་སྐབས། ༢༠༡༨།༡༠།༧
གླུ་བ་བསྟན་འཛིན་ཉི་མ་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་༼ཀྲུང་གོའི་གླུ་སྐད་སྙན་མོ་༽ཞེས་པའི་འགྲན་བསྡུར་ཨང་དང་པོ་བླངས་སྐབས། ༢༠༡༨།༡༠།༧
འདྲ་བཤུས།/zhejiang TV

རྒྱ་ནག་རྒྱལ་ཡོངས་ཀྱི་༼ཀྲུང་གོའི་གླུ་སྐད་སྙན་མོ་༽ཞེས་པའི་གླུ་གཞས་འགྲན་སྡུར་ཁྲོད་བོད་ཀྱི་གཞོན་སྐྱེས་གླུ་བ་བསྟན་འཛིན་ཉི་མ་ལགས་ཀྱིས་ཨང་དང་པོ་བླངས་འདུག
དེ་ཡང་སྤྱི་ལོ་༢༠༡༨ལོའི་རྒྱ་ནག་གི་གླུ་སྐད་སྙན་མོའི་འགྲན་བསྡུར་རིམ་པ་ཟླ་ཤས་རིང་བྱས་བ་བརྒྱུད་ཕྱི་ཟླ་༩ པའི་ཚེས་ ༣༠ ཉིན་གྱི་དགོང་མོར་བོད་རིགས་གླུ་བ་བསྟན་འཛིན་ཉི་མས་རྩེ་ཕུད་ཨང་དང་པོ་དང་། བོད་ཀྱི་གླུ་བ་འབྲུག་བྱམས་ཚེ་རིང་གིས་རྒྱལ་ཡོངས་ཀྱི་ཨང་ལྔ་བ་བླངས་ནས་སྤྱི་ལོ་༢༠༡༨་ལོའི་ཟླ་༡༠་བའི་ཚེས་༧་ཉིན་རྒྱ་ནག་པེ་ཅིང་གི་བྱེའུ་ཚང་ཚོགས་རྭ་ཞེས་རྒྱལ་སྤྱིའི་ཨོ་ལིམ་པཀིསྀ་ལུས་རྩལ་རྩེད་འགྲན་འཚོགས་རྭ་ཆེན་མོའི་ནང་དུ་རྟིང་རྩོད་འགྲན་སྡུར་ལ་ཞུགས་ཡོད་པ་མ་ཟད། རྟིང་རྩོད་འགྲན་བསྡུར་ཁྲོད་བསྟན་འཛིན་ཉི་མ་ལགས་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་ལོ་༢༠༡༨་ལོའི་༼ཀྲུང་གོའི་གླུ་སྐད་སྙན་མོ་༽ཞེས་པའི་གླུ་གཞས་འགྲན་སྡུར་ཁྲོད་ཨང་དང་པོར་ཐོབ་འདུག
བོད་ནང་གི་བོད་མི་ཞིག་གིས། བསྟན་འཛིན་ཉི་མ་ལགས་ཀྱིས་རྟིང་རྩོད་འགྲན་བསྡུར་ཁྲོད་རྒྱལ་ཁ་བླངས་མ་ཐག་བོད་ཕྱི་ནང་གི་དྲ་ལམ་འཕྲིན་ལམ་ཡོངས་སུ་ཁོང་གི་བརྙན་པར་དང་རྟེན་འབྲེལ་ཤིས་ཚིག་ཀྱིས་ཁེངས་པ་དང་། བོད་ཕྱི་ནང་གཉིས་ནས་བསྔགས་བརྗོད་དང་རྟེན་འབྲེལ་ཞུས་ནས་དགའ་མོས་བྱེད་བཞིན་འདུག ཡིན་ན་ཡང་། རྒྱལ་ཡོངས་ནས་རྒྱལ་ཁ་བླངས་བའི་བོད་རིགས་གླུ་བ་དེའི་མ་འོངས་མདུན་ལམ་ནི་རྒྱ་རིགས་གླུ་བ་རྒྱལ་ཁ་བླངས་བ་ཚོ་ལས་ཡངས་བ་མེད་པ་གླེང་མོལ་བྱེད་མཁན་མང་པོ་ཡོད་པ་བརྗོད་བྱུང་།
ལོ་སྔོན་མར་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་གཞས་གསར་པའི་འགྲན་སྡུར་ཁྲོད་ནས་བོད་རིགས་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་ཡོད་པ་རེད།
ད་ལོར་རྒྱལ་ཁ་ལེན་མཁན་གོང་གི་བསྟན་འཛིན་ཉི་མ་ནི། ཕ་ཡུལ་མདོ་སྨད་རེབ་གོང་ནས་ཡིན་ཞིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་པ་རེད།
གཞན་རྟིང་རྩོད་ལ་མཉམ་ཞུགས་བྱེད་ཐུབ་པ་བྱུང་མཁན་བོད་རིགས་འབྲུག་བྱམས་ཚེ་རིང་ནི་མཚོ་སྔོན་མཚོ་ལྷོའི་འབྲོག་ཕྲུག་ཅིག་ཡིན་ལ་༢༠༡༧་ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་ནས་མཐར་ཕྱིན་པ་དང་། ཁོ་གཉིས་བསྟུད་མར་རྒྱ་ནག་གི་གླུ་གཞས་འགྲན་སྡུར་དུ་མར་ཞུགས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་བ་དང་། ཆེད་ལས་དགེ་རྒན་དག་གི་གདེངས་འཇོག་མཐོན་པོ་ཐོབ་པར་མ་ཟད། དྲ་ལམ་ནས་ལྟད་མོ་བ་གྲངས་ཧ་ཅང་མང་པོས་དགའ་བསུ་ཡང་ཐོབ་བཞིན་ཡོད་པ་རེད།
༼ཀྲུང་གོའི་གླུ་སྐད་སྙན་མོ་༽ཟེར་བའི་གླུ་གཞས་འགྲན་སྡུར་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་གཞས་འགྲན་ཚོགས་ཆེ་ཤོས་ཤིག་ཡིན་ཞིང་། ༢༠༡༢་ལོ་ནས་འགོ་ཚུགས་འདུག

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།