རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཆེད་ཁྲིམས་འགལ་བྱེད་ཀྱི་འདུག་ཟེར།

2020-07-14
གློག་འཕྲིན།
མཆན།
Share
པར་བཀོད།
ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཨ་མི་རི་ཀའི་མཚོ་དམག་གི་གྲུ་གཟིངས་དང་གནམ་གྲུ ༢༠༢༠།༧།༦
ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཨ་མི་རི་ཀའི་མཚོ་དམག་གི་གྲུ་གཟིངས་དང་གནམ་གྲུ ༢༠༢༠།༧།༦
AP

རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་བདག་ཐོབ་བྱ་ཐབས་བྱེད་བཞིན་པའི་བྱ་སྤྱོད་ཁག་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཨ་མི་རི་ཀས་སྐྱོན་བརྗོད་བྱས་འདུག
འདི་ཚེས་༡༣་རེས་གཟའ་ཟླ་བའི་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཀྱིས་སྤྱི་བསྒྲགས་ཞིག་སྤེལ་བ་དེའི་ནང་། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཁྱབ་ཁོངས་ཕལ་ཆེ་བ་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་དང་། དེ་བཞིན་ཁྱབ་ཁོངས་དེ་དག་བདག་བཟུང་ཡོང་ཆེད་དུ་རྒྱལ་ཁབ་གཞན་ལ་བརྙས་བཅོས་བྱེད་བཞིན་པའི་བྱ་སྤྱོད་ཚང་མ་ཁྲིམས་འགལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་ཨ་མི་རི་ཀས་ལྷོ་ཤར་ཨེ་ཤེ་ཡ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས། རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་མཚོ་ཁུལ་གྱི་བདག་དབང་ཐོབ་ཐང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན་པ་དང་། རྩོད་རྙོག་དེ་བཞིན་རྒྱ་ནག་དང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་གཞན་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩོད་རྙོག་བར་འདུམ་གནང་མཁན་བརྒྱུད་ཞི་བའི་ལམ་ནས་སེལ་ཐབས་བྱ་དགོས་པའི་ནན་སྐུལ་གནང་ཀྱི་ཡོད་པ་བསྒྲགས་འདུག
ད་ཐེངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Pompeo)་མཆོག་གི་སྤྱི་བསྒྲགས་དེ་ནི། ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་རེད་ཅེས་ནན་ཅེན་(Nanjing)་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ལྷོ་རྒྱ་ནག་རྒྱ་མཚོའི་སློབ་ཚན་གྱི་ངེས་སྟོན་པ་(Zhu Feng)་ཀྱིས་གསུངས་འདུག
དེའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲ་རྒྱའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཀྱི་སྤྱི་བསྒྲགས་ནང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཞི་བདེ་དང་ལྷིང་འཇགས་ཡོང་ཐབས་སུ་རྒྱ་ནག་གིས་འབད་བརྩོན་བྱེད་ཀྱི་ཡོད་པ་ཨ་རིས་ཤེས་བཞིན་དུ་རྐང་བཙུགས་ནས་འཁྱོག་བཤད་བྱས་ཡོིད་པ་དང་། སྤྱིར་བཏང་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་རྩོད་ལེན་བྱ་མཁན་ཁོངས་སུ་ཨ་མི་རི་ཀ་མེད་ཀྱང་། ཨ་རིས་གནད་དོན་འདིའི་ཐད་མུ་མཐུད་ནས་ཐེ་བྱུས་བྱས་ནས་མངའ་ཁུལ་གྱི་བདེ་འཇགས་ལ་ཁ་བསྙད་དེ་རྒྱ་ནག་དང་རྒྱལ་ཁབ་གཞན་དབར་མི་མཐུན་པ་དང་གདོང་ཐུག་འཁྲུག་རྩོད་སློང་གི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།