ཀོ་རི་ཡ་ལྷོ་བྱང་གི་དཀའ་ངལ་རིམ་པས་བདེན་མཐའ་གསལ་ཏེ་ཞི་འཇམ་ཡག་པོ་ཡོང་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ཅེས། ༧གོང་ས་མཆོག་གིས།

2022.11.26
ཀོ་རི་ཡ་ལྷོ་བྱང་གི་དཀའ་ངལ་རིམ་པས་བདེན་མཐའ་གསལ་ཏེ་ཞི་འཇམ་ཡག་པོ་ཡོང་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ཅེས། ༧གོང་ས་མཆོག་གིས། སྤྱི་ཟླ་༡༡པའི་ཚེས་༢༦ཉིན་༧གོང་ས་མཆོག་ལ་ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཞུ་བ་རྣམས་ཀྱིས་གསོལ་འདེབས་ཞུས་པ་བཞིན། མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་གནང་སྐབས།
OHHDL

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ཆོས་ཞུ་བ་ཚོར་དམིགས་ཏེ། དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་ཉི་མ་གཉིས་རིང་གནང་བཞིན་པའི་ཉིན་ཐ་མ་སྟེ། སྤྱི་ཟླ་༡༡པའི་ཚེས་༢༦ཉིན་ཆེད་དུ་བྱ་བའི་གདུལ་བྱ་ཀོ་རི་ཡའི་མི་རིགས་སེར་སྐྱ་ཕོ་མོ་ཚོར་འཚམས་འདྲི་དང་བཅས། ཀོ་རི་ཡའི་རྒྱལ་ཁབ་ལྷོ་བྱང་གཉིས་ཆགས་ནས་དཀའ་ངལ་འཕྲད་བཞིན་པ་རིམ་པས་བདེན་མཐའ་གསལ་ཏེ། ཞི་འཇམ་ཡག་པོ་ཡོང་ཐུབ་པའི་ཐུགས་རེ་དང་ཐུགས་སྨོན་གནང་གི་ཡོད་ཅེས་བཀའ་སྩལ་སོང་།

གཞན་ཡང་༧གོང་ས་མཆོག་གིས་ཀོ་རི་ཡའི་ཆོས་གྲོགས་ཚོས་ཆབ་སྲིད་དང་དམག་འཁྲུག་གི་དཀའ་ངལ་འོག། ཚང་མས་སོ་སོའི་སངས་རྒྱས་ཀྱི་ཆོས་ལ་དད་པ་གཡོ་བ་མེད་པར་ཡོད་པ་དེར། ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཧ་ཅང་གིས་ཡག་པོ་རེད། ད་ལྟ་ཀོ་རི་ཡ་ལྷོ་བྱང་གཉིས་ཆགས་ནས་ཀོ་རི་ཡ་བྱང་མའི་ཐོག་ནས་རྡུལ་ཕྲན་མཚོན་ཆ་བརྟག་དཔྱད་སོགས་བྱས་ཡོད་པས། དོན་གྱི་ཞི་བདེ་ཡག་པོ་ཞིག་ཡོང་ཐུབ་པ་བྱ་རྒྱུ་ནི་ང་ཚོ་ཆོས་གྲོགས་ཚང་མའི་ལས་འགན་དང་། སྨོན་ལམ་བརྒྱབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་གནང་གི་འདུག  ཡང་༧གོང་ས་མཆོག་ནས་དེར་འདུས་ཀོ་རི་ཡ་གཙོས་པའི་རྒྱལ་ཁབ་༣༦ལྷག་གི་མི་མང་བཞི་སྟོང་བརྒལ་བར། ནང་ཆོས་ངོ་སྤྲོད་དང་འབྲེལ་སྟོང་ཉིད་བཙལ་སྟངས་ཀྱི་དཔྱད་སྒོམ་དང་། དེ་ལ་རྩེ་གཅིག་པའི་འཇོག་སྒོམ་གྱི་རིམ་པའང་ངོ་སྤྲོད་དང་ཚང་མ་ལྷན་ཅིག་ཏུ་སྒོམ་བསྐྱོན་པ་སོགས་གནང་རྗེས་སུ། རྒྱ་གར་མཁས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་སྩལ་ཡོད་པ་རེད།

ཀོ་རི་ཡའི་ཆོས་ཞུ་བ་རྣམ་པར་གསུང་ཆོས་སྩལ་གྲུབ་པ་མ་ཟད་༧གོང་ས་མཆོག་དང་ལྷན་སྐུ་པར་སྒྲོན་པ་སོགས་ཟུར་མཇལ་གྱི་གོ་སྐབས་ཀྱང་དམིགས་བསལ་ཐོབ་ཡོད་པར་བརྟེན། ཧ་ཅང་གིས་དགའ་སྤྲོ་ཆེན་པོ་དང་བསྐལ་བཟང་དུ་བརྩིས་ཏེ་ཐག་རིང་ནས་ཡོང་བ་དོན་གོ་ཆོད་པ་ཞིག་ཏུ་མཐོང་གི་ཡོད་པ་དང་། ཀོ་རི་ཡའི་དགེ་བཤེས་བསྟན་འཛིན་འོད་རྒྱས་ལགས་ནས། ༧རྒྱལ་བ་རིན་པོ་ཆེ་ཀོ་རི་ཡ་ལ་ཐེངས་གཅིག་ཕེབས་ནས་ཐེ་ཝན་ནང་བཞིན་ཡག་པོ་ཆགས་རྒྱུ་གལ་ཆེན་དང་། ༧རྒྱལ་བ་རིན་པོ་ཆེ་ང་ཚོའི་རྒྱལ་ཁམས་དུ་ཕེབས་རྒྱུར་ངས་རེ་བ་དང་སྨོན་ལམ་ཉི་མ་རྟག་པར་བརྒྱབ་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག  ཡང་ཀོ་རི་ཡའི་བཙུན་མ་ཅོ་ངུན་ལགས་ནས་ཀྱང་ད་ལོ་གཞི་ནས་དངོས་སུ་གཙུག་ལག་ཁང་དུ་ང་ཚོར་གསུང་ཆོས་གནང་ཐུབ་པར། སེམས་ནང་དགའ་སྤྲོ་དང་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་བགྲེས་སོང་ཡིན་པས། གསུང་ཆོས་ཀྱི་གོ་སྐབས་ཉུང་དུ་འགྲོ་ཡི་རེད་སྙམ་པའི་ང་ཚོར་སེམས་ཁྲལ་ཀྱང་ཡོད་ལ། གོ་སྐབས་འདི་འདྲ་བསྐལ་བཟང་དང་བསོད་ནམས་ཆེན་པོར་ཚོར་ཡོད་པ་དང་། ༧རྒྱལ་བ་རིན་པོ་ཆེ་ཀོ་རི་ཡའི་ནང་ཕེབས་ཐུབ་ན་ཀོ་རི་ཡའི་སྤྱི་ཚོགས་ལ་ཕན་ནུས་ཆེན་པོ་འཐོན་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ལྷོ་ཀོ་རི་ཡའི་ཆོས་ཞུ་བ་ཚོར་༧གོང་ས་མཆོག་གིས་རྩ་བ་ཤེས་རབ་ཀྱི་རབ་བྱེད་༡༤བར་དུ་བཀའ་ཁྲིད་གནང་བ་དང་ཆབས་ཅིག་ཏུ། སེམས་བསྐྱེད་ཀྱི་ཆོ་ག་ཞིག་ཀྱང་གསུང་བ་དང་འབྲེལ། དུས་རྒྱུན་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་དང་ཚེ་འདི་ལ་སྐྱིད་པའི་མགོ་བཙུགས་པ་མ་ཟད། ཚེ་རབས་ནས་ཚེ་རབས་སུ་སྐྱིད་མགོ་ཚུགས་པ་དང་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་རྒྱུ་ཡིན་པ་སོགས་ལམ་སྟོན་ཕེབས་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎