རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ལ་དམ་དྲག་དང་ཆབ་སྲིད་སློབ་གསོ་སྤེལ་བཞིན་འདུག

2020-01-14
གློག་འཕྲིན།
མཆན།
Share
པར་བཀོད།
དགོན་སྡེ་ཁག་གི་ནང་སོ་ལྟའི་པར་ཆས་བཙུགས་ཡོད།
དགོན་སྡེ་ཁག་གི་ནང་སོ་ལྟའི་པར་ཆས་བཙུགས་ཡོད།
BW

རྒྱ་ནག་གཞུང་གིས་བོད་ཀྱི་ཤར་ཕྱོགས་མཚོ་སྔོན་ཞིང་ཆེན་ནང་གི་དགོན་ལུང་དགོན་པའི་དགེ་འདུན་པ་དང་མཆོད་མཇལ་བ་ཚོར་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་འདུག
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲ་རྒྱ་(Bitter Winter)་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ཁོངས་སུ་ཡོད་པའི་ཆོས་སྡེ་ཆེན་པོ་དགོན་ལུང་དགོན་བྱམས་པ་གླིང་དུ་ལྟ་བཤེར་བརྙན་མིག་གམ་སོ་ལྟའི་པར་ཆས་༢༠༠་ལྷག་བཙུགས་ཏེ་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་དང་། དགོན་པར་གནས་མཇལ་ཞུ་བར་ཡོང་མཁན་ཚོར་ལྟ་རྟོགས་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། དགོན་པའི་དགེ་འདུན་པ་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དང་། སྒྲིག་ཁྲིམས་ཁག་ལ་བཙན་གྱིས་སློབ་གཉེར་བྱེད་དུ་འཇུག་བཞིན་ཡོད་འདུག
དགོན་ལུང་དགོན་པའི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་ཕྱོགས་ནས་དགོན་པ་དང་། དགོན་པའི་རིག་གཞུང་སྲུང་སྐྱོབ་ལ་ཁ་གཡར་ནས་བརྙན་མིག་གམ་སོ་ལྟའི་པར་ཆས་མང་པོ་བཙུགས་ཡོད་ཀྱང་། ཕྱོགས་གཞན་ནས་དགེ་འདུན་པ་དང་མཆོད་མཇལ་ཡོང་མཁན་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་ལྟ་བཤེར་ནན་པོ་བྱེད་བཞིན་ཡོད་པ་རེད་ལ་དེ་ནི་རྒྱ་གཞུང་གིས་ཆོས་ལུགས་ཐོག་དམ་དྲག་བྱེད་སྟངས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཡང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་ཁོངས་སུ་ཡོད་པའི་ཀྲིན་ཀྲུའུ་(Zhenzhu)་དགོན་པའི་འདུ་ཁང་ནང་ལ་ཡང་ལྟ་བཤེར་བརྙན་མིག་གིས་བསྐོར་ཡོད་པ་དང་། རྒྱ་ནག་གཞུང་གིས་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱུན་དུ་ཆབ་སྲིད་དང་སྒྲིག་ཁྲིམས་ཟེར་བར་སློབ་སྦྱོང་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་དང་། ནང་ཆོས་སློབ་གཉེར་ཉིན་གྲངས་༡༠་རེའི་མཚམས་ན་ཐེངས་མ་རེ་མ་གཏོགས་བྱེད་དུ་འཇུག་གི་མེད་པ་རེད།
དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་དུའང་ཆེད་མངགས་འགྲོ་སོང་བཏང་སྟེ། མཚོ་སྔོན་ཆོས་དོན་ལྷན་ཁང་ཟེར་བས་རྒྱ་ནག་གི་ཆབ་སྲིད་སྒྲིག་གཞི་དང་མཐུན་པའི་བསླབ་གཞི་གཏན་འབེབ་བྱས་ནས་དགེ་འདུན་པ་རྣམས་ཀྱིས་ངེས་པར་དུ་སློབ་གཉེར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།