སུད་སི་གཞུང་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ།


2020-08-25
Share
སུད་སིའི་ནང་ས་གནས་སྤྱི་དམངས་ཚོགས་པའི་ཚོགས་འདུའི་སྐབས། ༢༠༢༠།༨ སུད་སིའི་ནང་ས་གནས་སྤྱི་དམངས་ཚོགས་པའི་ཚོགས་འདུའི་སྐབས། ༢༠༢༠།༨
gstf.org

སུད་སིའི་ཕྱི་སྲིད་ལྷན་ཁང་གིས་གོ་སྒྲིག་བྱས་བའི་ས་གནས་སྤྱི་དམངས་ཚོགས་པའི་ཚོགས་འདུར་བོད་མི་མཉམ་ཞུགས་བྱས་ནས་སུད་སི་གཞུང་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་བྱས་འདུག
ཉེ་ལམ་ཕྱི་ཟླ་༨་ཚེས་༡༤་ཉིན་སུད་སིའི་ཕྱི་སྲིད་ལྷན་ཁང་གིས་ས་གནས་སྤྱི་དམངས་ཚོགས་པའི་ཚོགས་འདུ། ཕྱི་ལོ་༢༠༢༡་ནས་༢༤་བར་སུད་སི་གཞུང་གིས་རྒྱ་ནག་གི་ཐོག་འཛིན་རྒྱུའི་འཐབ་ཇུས་སྐོར་བཀའ་བསྡུར་ཚོགས་འདུར་མགྲོན་འབོད་གནང་བ་ལྟར། སུད་སི་(Switzerland)་དང་ལེག་ཆི་ཊེན་སི་ཊེན་(Liechtenstein)་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཕུན་ཚོགས་ལགས་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་(Thomas Büchli)་ལགས་གཉིས་མཉམ་ཞུགས་གནང་ནས། སུད་སིའི་ཕྱི་སྲིད་ལྷན་ཁང་གི་སྐུ་ཚབ་དང་གཞུང་ཚབ་ར་ཕེལ་ན་གེ་ལི་(Rafael Nägeli)་མཆོག་ལ། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་དང་། འབྱུང་འགྱུར་གྱི་སློབ་གསོ་(China’s Violations of Universal Values: Lessons for the Future)་ཞེས་པའི་ཤོག་གྲངས་༣༠་ཡོད་པའི་སྙན་ཐོ་ཞིག་ཕུལ་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་དང་གཏོང་བཞིན་པ་འཁོད་པའི་གནད་དོན་འཁོད་ཡོད་པ་མ་ཟད། ལྷག་པར་དུ། སུད་སི་རྒྱལ་ཁབ་དེ་བཞིན་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་ཞུ་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཤིག་ཡིན་པ་ཐེར་འདོན་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་འགོ་ཁྲིད་རྣམས་སྤྱི་ནོར་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་འགོག་རྐྱེན་བཟོ་བཞིན་པ་ཙམ་མ་ཟད། ཕྱིའི་རྒྱལ་ཁབ་དག་གིས་རྒྱ་ནག་ལ་སྐྱོན་བརྗོད་རིགས་བྱེད་སྐབས་ཁ་འགོག་ཐབས་བྱེད་བཞིན་པ་སོགས་རྒྱ་ནག་གཅིག་གི་སྲིད་ཇུས་དེ་གནད་དོན་མང་པོའི་ཐད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་པས། ད་ཆ་སུད་སི་གཞུང་གིས་དེ་སྔ་ཁས་ལེན་བྱས་བའི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་ནན་སྐུལ་བྱས་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།