རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱས་བར་ཨ་མི་རི་ཀས་འདོད་པ་མེད་པའི་རྣམ་འགྱུར་བསྟན།

2021-01-25
Share
རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱས་བར་ཨ་མི་རི་ཀས་འདོད་པ་མེད་པའི་རྣམ་འགྱུར་བསྟན། ཐའེ་ཝན་གྱི་བར་སྣད་ལ་འཕར་བཞིན་པའི་གནམ་དམག་གནམ་གྲུ། ༠༡།༢༤།༢༡
ཐའེ་ཝན་རྒྱལ་སྲུང་ལྷན་ཁང་།

རྒྱ་ནག་གིས་ཐའེ་ཝན་གྱི་བར་སྣང་ལ་གནམ་གྲུ་བཏང་ནས་འཇིགས་སྐུལ་བྱས་བར་ཨ་མི་རི་ཀས་འདོད་པ་མེད་པའི་རྣམ་འགྱུར་དང་བཅས་ཐའེ་ཝན་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་འདི་ཚེས་༢༣རེས་གཟའ་སྤེན་པའི་ཉིན། ཐའེ་ཝན་གྱི་བར་སྣང་མཁའ་དབྱིངས་ལ་གནམ་དམག་གི་གནམ་གྲུ་༡༢བཏང་སྟེ་ཐའེ་ཝན་ལ་དམག་གི་འཇིགས་སྐུལ་བྱས་ཡོད་པ་དང་། དེའི་རྗེས་རེས་གཟའ་ཉི་མའི་ཉིན་སླར་ཡང་ཐའེ་ཝན་གྱི་སྐམ་ས་དང་དེ་བཞིན་ཐེ་ཝན་གྱི་མངའ་ཁོངས་སུ་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་(Pratas)གླིང་ཕྲན་གྱི་བར་སྣང་མཁའ་དབྱིངས་སུ། མཚོ་འོག་གི་གྲུ་གཟིངས་གཏོར་བྱེད་ཀྱི་གནམ་དམག་གི་གནམ་གྲུ་གཉིས་ཀྱིས་གཙོས་གནམ་དམག་གི་གནམ་གྲུ་བཅོ་ལྔ་བཏང་སྟེ་ཐེ་ཝན་ལ་མུ་མཐུད་དྲག་པོའི་འཇིགས་སྐུལ་བྱས་ཡོད་འདུག
དེའི་ཐད་ཐའེ་ཝན་གྱི་བདེ་སྲུང་ལྷན་ཁང་གིས། ཐའེ་ཝན་གྱིས་རང་གི་སྲུང་སྐྱོབ་ཀྱི་ས་ཁུལ་དུ་ངོ་རྟགས་བཟུང་ཡོད་སའི་མངའ་ཁུལ་ནང་རྒྱ་ནག་གི་གནམ་དམག་གནམ་གྲུ་འཕུར་བསྐྱོད་དང་། ཁྱབ་ཁོངས་སུ་འཛུལ་མ་ཐག་ཐའེ་ཝན་གྱི་ངོས་ནས་ཉེན་བརྡའི་བརྡ་བཏང་ཐོག གནམ་དམག་གི་གནམ་གྲུ་གཏོར་རྒོལ་བྱེད་ཀྱི་མེ་ཤུགས་འཕུར་མདའ་གྲ་སྒྲིག་བྱེད་དགོས་བྱུང་བ་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གིས་རྒྱུན་ལྡན་ཐའེ་ཝན་གྱི་བར་སྣང་དུ་སྐབས་འགར་སོ་ལྟའི་གནམ་དམག་གི་གནམ་གྲུ་བཏང་བ་ལས། ད་རེས་ལྟར་ཐད་ཀར་རྒོལ་རྡུང་གཏོང་རྒྱུར་གྲ་སྒྲིག་ཆེད་གནམ་དམག་གི་གནམ་གྲུ་བཏང་མེད་པ་དང་། དེ་སྔ་ཡིན་ན་གལ་ཏེ། ཐའེ་ཝན་གྱིས་ཨ་མི་རི་ཀ་དང་མཉམ་དམག་དོན་ལས་འགུལ་སྤེལ་བ་ཡིན་ན། རྒྱ་ནག་གི་ཕྱོགས་ནས་དེ་ལྟ་བུའི་དམག་གི་གནམ་གྲུ་གཏོང་རྒྱུའི་འཇིགས་སྐུལ་བྱས་མྱོང་ཡོད་ཀྱང་། ད་རེས་དངོས་སུ་དེ་ལྟར་གནམ་གྲུ་བཏང་ནས་འཇིགས་སྐུལ་བྱེད་དགོས་དོན་གྱི་ཐད་ལ་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།
རྒྱ་ནག་གི་བྱེད་སྟངས་འདིས་ཨ་མི་རི་ཀའི་སྲིད་འཛིན་གསར་པ་(Joe Biden)གྱི་སྲིད་གཞུང་ལ་བློ་འཚབ་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། ཨ་མི་རི་ཀའི་སྲིད་གཞུང་གསར་པས་རེས་གཟའ་ལྷག་པའི་ཉིན། ཨ་མི་རི་ཀས་ཐེ་ཝན་ཕྱོགས་ལ་རྒྱབ་སྐྱོར་དེ་བྲག་རྡོ་ལྟར་བརྟན་པོ་ཡོད། ཐེ་ཝན་ཐོག་དམག་གི་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་དགོས་པ་བརྗོད་ཡོད་པ་དང་། རེས་གཟའ་ཉི་མའི་ཉིན། ཨ་མི་རི་ཀའི་གནམ་དམག་གི་གནམ་གྲུ་ཁག་འཁྱེར་བའི་(USS Theodore Roosevelt)གི་གཙོས་པའི་མཚོ་དམག་གི་གྲུ་གཟིངས་ཆེན་པོ་ཁག་ཅིག་གིས། རྒྱ་ནག་ལ་ཉེན་བརྡའི་ཆེད་ལྷོ་རྒྱ་ནག་གི་རྒྱ་མཚོའི་མཚོ་ཁུལ་ལ་སྐོར་བསྐྱོད་བྱས་ཡོད་པ་རེད།
ཨ་མི་རི་ཀའི་ནང་གཞུང་འཛིན་འཕོ་འགྱུར་ཕྱིན་ཏེ་སྲིད་གཞུང་གསར་པ་སླེབས་ཡོད་ཀྱང་། ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་གི་ནང་དོན་གཞིར་བཟུང་ཨ་མི་རི་ཀས་ཐའེ་ཝན་གྱི་སྲུང་སྐྱོབ་ཆེད་རོགས་སྐྱོར་བྱེད་དགོས་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།