ཐའེ་ལྦན་དུ་ཡུ་གུར་འགོ་ཁྲིད་ར་བཱི་ཡའི་སྐོར་གློག་བརྙན་བསྟན་པ།

ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཞུང་གིས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་གློག་བརྙན་དེ་བསྟན་ཡོད་པ་རེད།

2009.09.22

༄༅༎ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཀའོ་ཞུང་གྲོང་ཁྱེར་གྱིས་རྒྱ་ནག་ཕྱོགས་ཀྱི་ཉེན་བརྡའི་འཇིགས་སྐུལ་ལ་དོགས་ཟོན་གྱིས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་གློག་བརྙན་དེ་སྔོན་གྱི་འཆར་གཞིའི་གློག་བརྙན་དུས་སྟོན་གྱི་སྔོན་དུ་བསྟན་ཡོད་པ་རེད།

དེ་ཡང་ལྕམ་ར་བཱི་ཡ་ཀ་རྡིར་གྱི་མི་ཚེའི་ལོ་རྒྱུས་ལས་བཟོས་པའི་དུས་ཡུན་ཚོུད་གཅིག་བྱས་པའི་དངོས་བྱུང་གློག་བརྙན་དེ་ནི་རིང་མིན་ཕྱི་ཟླ་བཅུ་པའི་ནང་ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཞུང་གྱི་གློག་བརྙན་དུས་སྟོན་སྐབས་སྟོན་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་ཉེ་ཆར་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་གི་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་རྗེས་རྒྱ་ནག་གཞུང་གིས་ཟིང་ཆའི་དོན་རྐྱེན་དེ་ཀུན་སློང་བྱེད་མཁན་ལྕམ་ར་བཱི་ཡ་ཀ་རྡིར་ཡིན་པའི་ཉེས་བཙུགས་བྱས་ཏེ་ཁོང་ཕྱིའི་རྒྱལ་ཁབ་གང་དུ་ཕེབས་པ་དང་ཁོང་དང་འབྲེལ་བ་བྱེད་རྒྱུར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་བཞིན་ཡོད་པ་ལྟར་ཐའེ་ལྦན་ལའང་གལ་ཏེ་ཁོང་གི་གློག་བརྙན་དེ་བསྟན་པ་ཡིན་ཚེ་རྒྱ་ནག་དང་ཐའེ་ལྦན་བར་གྱི་འབྲེལ་ལམ་ལ་གནོད་འཚེ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བའི་གནས་སྟངས་འོག་ཀའོ་ཞུང་གྲོང་ཁྱེར་གྱིས་རྒྱ་ནག་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུར་དོགས་ཟོན་བྱས་ཏེ་ཁོང་གི་གློག་བརྙན་དེ་དུས་སྟོན་སྐབས་མ་ཡིན་པར་དེ་རིང་རེས་གཟའ་མིག་དམར་ཉིན་མི་དམངས་ལ་བསྟན་ཡོད་པ་རེད། གློག་བརྙན་དེ་སྟོན་ཡུལ་དེའི་ནང་དུ་ལས་ཀ་བྱེད་མཁན་མའོ་ལི་ལཱན་ཟེར་བ་ཞིག་གིས་ཕེ་རན་སི་གསར་འགོད་པར་ལྕམ་ར་བཱི་ཡ་ཀ་རྡིར་གྱི་དངོས་བྱུང་གློག་བརྙན་དེ་རྐུབ་སྐྱག་༡༡༥ཡོད་པའི་སྤྱི་དམངས་ཚོགས་ཁང་ཞིག་ནང་གོ་སྒྲིག་བྱས་པ་བཞིན་རྐུབ་སྐྱག་༡༡༥ཚང་མ་ཚོང་བསྒྱུར་ཟིན་པ་མ་ཟད་གློག་བརྙན་དེ་ནི་རང་ཉིད་ནས་དེ་འདྲ་ཞིག་མེད་དམ་བསམ་པའི་ཚོད་དཔགས་བྱས་པ་ལས་ལྷག་པ་འདུག་ཅེས་བཤད་ཡོད་པ་རེད། ལྕམ་ར་བཱི་ཡ་ཀ་རྡིར་ནི་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་རྗེས་རྒྱལ་སྤྱིའི་གནོན་ཤུགས་འོག་ཨ་མི་རི་ཀར་གློད་འགྲོལ་ཐོབ་པ་དང་ཁོང་གིས་འདི་གར་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་ཟེར་བ་གསར་འཛུགས་གནང་སྟེ་ཁོང་གིས་ཚོགས་པའི་འགོ་ཁྲིད་ཀྱི་འགན་འཁུར་བཞེས་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎