ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སླར་ཡང་བཙོན་ཁང་དུ་བཅུག་པ།

ཐའེ་ལྦན་གྱི་ཁྲིམས་ཁང་ཞིག་ནས་དེ་རིང་སྲིད་འཛིན་ཟུར་པ་ཁྲེན་ཞུཡི་པེན་བཙོན་ཁང་ནང་སླར་ཡང་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་འདུག
2008-12-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཐའེ་ལྦན་གྱི་ཁྲིམས་ཁང་ཞིག་ནས་གཟའ་མིག་དམར་ཉིན་སྲིད་འཛིན་ཟུར་པ་ཁྲེན་ཞུཡི་པེན་བཙོན་ཁང་ནང་སླར་ཡང་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་འདུག

ཐའེ་ལྦན་གཞུང་གི་གྱོད་ཞིབ་པས་སྲིད་འཛིན་ཟུར་པ་ཁྲེན་ཞུཡི་པེན་གྱི་ཐོག་ལྐོག་ཟའི་ནག་ཉེས་བཙུགས་ཡོད་པ་དང་འདིའི་སྔོན་ཐའེ་ལྦན་གྱི་ཁྲིམས་ཁང་ཞིག་ནས་སྐུ་ཞབས་ཁྲེན་ཞུཡི་པེན་ཉིན་གྲངས་སུམ་ཅུ་སོ་གཅིག་ཉིན་བཙོན་ཁང་དུ་བཞག་རྗེས་གློད་འགྲོལ་བཏང་ཡོད་ཅིང་འོན་ཀྱང་སྐུ་ཞབས་ཁྲེན་ཞུཡི་པེན་གྱི་གྱོད་གཞི་དང་འབྲེལ་བའི་ཞུ་གཏུགས་ཀྱི་གནད་དོན་ཐད་ཀྱི་ཁྲིམས་དཔོན་ཚོ་གཟའ་འཁོར་སྔོན་མར་བརྗེ་བསྒྱུར་བྱས་ཡོད་པ་རེད། གཞུང་གི་གྱོད་ཞིབ་པས་ཁྲེན་ཞུཡི་པེན་བྲོས་བྱོལ་དུ་མི་འགྲོ་བ་དང་ལྐོག་ཟའི་ནག་ཉེས་ཀྱི་གྱོད་གཞི་ལྡན་པའི་མི་སྣ་དང་ངན་པ་ལག་འབྲེལ་མི་བྱ་བའི་ཆེད་བཙོན་ཁང་ནང་ཕྱིར་སློག་དགོས་རྒྱུའི་རྩོད་པར་ཁྲིམས་ཁང་གི་ཁྲིམས་དཔོན་གསར་པ་ཚོས་ངོས་འཛིན་གྱིས་ཁྲེན་ཞུཡི་པེན་བཙོན་ཁང་ནང་ཕྱིར་སློག་བྱ་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་པ་རེད།

གཟའ་མིག་དམར་ཉིན་ཐའེ་ཕེ་རྫོང་གི་ཁྲིམས་ཁང་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་ཀྱི་འདོད་པ་གཞིར་བཟུང་སྟེ་ཁྲེན་ཞུཡི་པེན་འཇུ་བཟུང་བྱ་རྒྱུ་ཡིན་ཞིང་འོན་ཀྱང་བཙོན་ཁང་ནང་ཕྱི་མི་ཐུག་འཕྲད་བྱེད་ཆོག་པ་ཡིན་ཞེས་འཁོད་ཡོད་འདུག ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ཁོང་འཇུ་བཟུང་གིས་བཙོན་ཁང་ནང་བཅུག་སྐབས་ཁོང་གི་ཁྲིམས་རྩོད་པ་མ་གཏོགས་ཐུག་འཕྲད་ཆོག་གི་མེད་པ་རེད། སྐུ་ཞབས་ཁྲེན་ཞུཡི་པེན་ནི་ཐའེ་ལྦན་རང་བཙན་དགོས་རྒྱུར་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་ཁོང་གིས་ཁོང་ལ་ནག་ཉེས་གང་ཡང་མེད་པ་གསུངས་པ་དང་སྦྲགས་ཁོང་གི་ཐོག་ནག་ཉེས་པ་བཀལ་བ་འདི་ནི་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་གནང་མཁན་སྲིད་འཛིན་གསར་པ་མཱ་ཡིང་ཇོས་ཆབ་སྲིད་ཀྱི་འཁོན་ལན་སློག་པའི་བྱ་སྤྱོད་ཅིག་ཡིན་པ་འགྲེལ་བརྗོད་གནང་གི་ཡོད་པ་རེད།

སྐུ་ཞབས་ཁྲེན་ཞུཡི་པེན་གཟའ་མིག་དམར་གྱི་སྔ་དྲོ་ཐའེ་ཕེ་རྫོང་གི་ཁྱབ་ཁོངས་ཏུ་ཆེང་ས་གནས་ཀྱི་བཀག་ཉར་ཁང་དུ་འཁྲིད་ཡོད་ཅིང་ཁོང་གི་ཁྲིམས་རྩོད་པའི་ངོས་ནས་ཁྲིམས་ཁང་གི་ཐག་གཅོད་དེར་ཞུ་གཏུགས་གནང་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།