ཐེ་ཝན་གྱི་འོས་བསྡུ་སླེབས་ལ་ཉེ་བ་དང་རྒྱ་ནག་གཞུང་དང་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པས་གཞུང་འཛིན་ཚོགས་པར་ཉེན་བརྡ་བཏང་འདུག
དེ་ཡང་རྒྱ་ནག་གཞུང་དང་ཐེ་ཝན་གཞུང་འཛིན་དམངས་གཙོ་ཚོགས་པའི་ཁ་གཏད་ཚོགས་པ་ཆེ་ཤོས་གོ་མིན་ཏང་ཚོགས་པས། ཐེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་སྐུ་ཞབས་(Lai Ching-te)་ལ་གཟའ་འཁོར་འདིའི་གཟའ་མཇུག་ཏུ་རྒྱལ་ཡོངས་འོས་བསྡུའི་ཁྲོད་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཚེ་མ་འོངས་བར་ཐེ་ཝན་གྱི་ཞི་བདེར་ཉེན་ཁ་ཡོད་པ་ཕྱི་ཟླ་དང་པོའི་ཚེས་༡༡་རེས་གཟའ་ཕུར་བུའི་ཉིན་བརྗོད་འདུག
ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་ནི། ཕྱི་ཟླ་དང་པོའི་ཚེས་༡༣རེས་གཟའ་སྤེན་པའི་ཉིན་གནང་གི་ཡོད་པ་དང་། ཐེ་ཝན་གྱི་འོས་བསྡུ་ཆེན་མོ་དེའི་ཐོག་ཡུལ་བབ་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཡོད་པའི་རྐྱེན་གྱིས་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་མངའ་ཁོངས་ཀྱི་ཆ་ཤས་ཡིན་ཚུལ་བཤད་བཞིན་ཡོད་ཀྱང་ཐེ་ཝན་གཞུང་གིས་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།
རྒྱ་ནག་གཞུང་གི་ཕྱོགས་ནས་ཐེ་ཝན་གྱི་སྲིད་འཛིན་འོས་མི་ཐད་ཀར་སྤྱི་ཚོགས་ཐོག་ལ་དངོས་སུ་མིང་འདོན་བྱེད་ཀྱི་མེད་ལ། རྒྱ་ནག་གིས་འདོད་པའི་སྲིད་འཛིན་འོས་མིའི་མི་འགྲོ་དམིགས་བཀར་གསལ་སྟོན་བྱེད་ཀྱི་མེད་ནའང་། ཐེ་ཝན་གྱི་འོས་བསྡུ་ཆེ་དེ་ནི་དམག་འཐབ་དང་ཞི་བདེའི་དབར་གྱི་ཐག་གཅོད་ཞིག་རེད་ཞེས་ཉེན་བརྡ་གཏོང་གི་ཡོད་པ་རེད།
རྒྱ་ནག་གཞུང་དང་ཐེ་ཝན་གོ་མིན་ཏང་གཉིས་པོས། ཐེ་ཝན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་(Lai Ching-te)་ནི། ཐེ་ཝན་དངོས་སུ་རང་བཙན་ཕྱོགས་སུ་འདོད་ཕྱོགས་འཛིན་མཁན་ལ་རྒྱབ་སྐྱོར་བྱེད་མཁན་ཉེན་ཁ་ཅན་གྱི་འོས་མི་ཞིག་ཡིན་ཚུལ་བཤད་ནས་ཉེན་བརྡ་གཏོང་གི་ཡོད། དེར་སྐུ་ཞབས་(Lai Ching-te)་ལགས་ཀྱིས། རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད་པའི་སྐོར་ཡང་ཡང་གསུང་གི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་ཐེ་ཝན་གྱི་མ་འོངས་གནས་བབ་ནི་ཐེ་ཝན་མི་དམངས་ཀྱིས་ཐག་གཅོད་བྱ་རྒྱུ་རེད་ཅེས་གསུང་གི་ཡོད་པ་རེད།
རྒྱ་ནག་གི་ཐེ་ཝན་ལས་དོན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྐུ་ཞབས་(Lai Ching –te)་ནི་ཐེ་ཝན་རང་བཙན་གྱི་ལྟ་བ་མཁྲེགས་བཟུང་བྱེད་མཁན་ཞིག་ཡིན་པ་དང་། གལ་ཏེ་ཁོང་གིས་ཐེ་ཝན་སྲིད་འཛིན་གྱི་དབང་ཆ་བཟུང་བ་ཡིན་ཚེ་ཐེ་ཝན་ཁ་བྲལ་གྱི་ལས་འགུལ་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བཤད་ཀྱི་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།