ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་སླེབ་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་བཞིན་ཡོད་འདུག

2023.11.22
ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་སླེབ་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་བཞིན་ཡོད་འདུག ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ལས་ཐོག་ལེཡེ་ཆིན་ཐུ་(Lai Ching-te)་ལགས་མང་གཙོ་ཡར་ཐོན་ཚོགས་པའི་ཐེ་ཝན་གྱི་སྲིད་འཛིན་འོས་མིར་ལངས་ནས་གསར་འགོད་གསལ་བསྒྲགས་སྐབས། ༡༡།༢༠།༢༠༢༣
AFP

ཐེ་ཝན་གླིང་ཕྲན་གྱི་ནང་འབྱུང་འགྱུར་སྤྱི་ལོ་༢༠༢༤ལོའི་ཟླ་༡ཚེས་༡༣ཉིན། ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་མི་མང་གིས་རྒྱལ་ཡོངས་འོས་བསྡུ་གནང་གི་ཡོད་པ་དང་། ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ལས་ཐོག་ཚའེ་ཨིན་ཝིན་(Tsai Ing-wen)་ལགས། སྲིད་འཛིན་ལས་ཡུན་ཐེངས་གསུམ་པ་གནང་རྒྱུའི་ཁྲིམས་སྒྲིག་གི་ཆོག་མཆན་མེད་པར་བརྟེན། སྲིད་འཛིན་གཞོན་པ་ལས་ཐོག་ལེཡེ་ཆིན་ཐུ་(Lai Ching-te)་ལགས་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་དང་། ཕྱོགས་འགལ་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་ལ་ཧུ་ཡུ་འེ་ལགས་སོགས་ཀྱི་བར་ཐེ་ཝན་གྱི་འོས་བསྡུའི་འགྲན་བསྡུར་ཤུགས་ཆེ་འགྲོ་བཞིན་པའི་སྐབས་འདིར། ཐེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་ཏེ། རྒྱ་ནག་གི་ཕྱོགས་གཏོགས་དང་ཐེ་ཝན་དང་རྒྱ་ནག་གཅིག་གྱུར་གྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན། ཐེ་ཝན་གྱི་ཕྱོགས་འགལ་གོ་མིན་ཏང་ཚོགས་པ་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ཐབས་སུ་འབད་བརྩོན་བྱེད་བཞིན་པ། ཐེ་ཝན་ནང་གནས་སྡོད་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་(Aadil Brar)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་ཐེ་ཝན་ནང་གོ་མིན་ཏང་ཚོགས་པ་ནི་རྒྱ་ནག་གི་ཕྱོགས་གཏོགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། ཉེ་ཆར་ཐེ་ཝན་གྱི་གསར་ཤོག་ཁག་ཏུ་ཐོན་པའི་གནས་ཚུལ་ནང་། རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་དེ་འདྲས་གལ་ཏེ་ཐེ་ཝན་ནང་གོ་མིན་ཏང་གི་འོས་མི་བདམས་ཐོན་བྱུང་ན། ཁོ་ཚོས་ཕལ་ཆེར་ཐེ་ཝན་དང་རྒྱ་ནག་གཅིག་གྱུར་གྱི་ལས་དོན་བརྒྱུད་རིམ་ཇེ་དལ་དུ་གཏོང་ཆོག་པ་དང་། ཡིན་ནའང་མང་གཙོ་ཡར་ཐོན་ཚོགས་པ་འོས་འདེམས་བྱུང་ན། རྒྱ་ནག་དང་ཐེ་ཝན་ཟླ་སྒྲིལ་གཏོང་རྒྱུའི་ལས་དོན་ཇེ་མགྱོགས་སུ་འགྲོ་ངེས་རེད་ཅེས་བཤད་པ་ནི། ཐེ་ཝན་ལ་རྒྱ་ནག་གིས་བཏང་བའི་ཉེན་བརྡ་དང་། ཞི་ཅིན་ཕིན་གྱིས་ཨ་རི་ནས་ཐེ་ཝན་ལ་རྒྱ་ནག་གིས་བཙན་འཛུལ་མི་བྱེད་ལུགས་བཤད་མིན་ལ་མ་ལྟོས་པར། ཐེ་ཝན་ལ་རྒྱ་ནག་གི་ཉེན་ཁ་རང་འཇགས་བསྡད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཐེ་ཝན་དུ་གནས་སྡོད་ཐེ་ཝན་དང་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་(Sana Hashmi)་ལགས་ནས། ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཝི་ལིམ་ལའེ་ནི་ཁོ་རང་གི་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་དང་མཚུངས་པར། ཐེ་ཝན་རང་དབང་བཙན་གྱི་འདོད་པ་ཤུགས་ཆེར་འཛིན་མཁན་ཞིག་ཡིན་ནའང་། འོས་བསྡུ་རྒྱལ་ཁ་ཐོབ་ན་ཐེ་ཝན་གྱི་ངོ་བོ་ད་ལྟའི་གནས་སྟངས་རང་འཇགས་ངང་འགྲོ་རྒྱུ་མ་གཏོགས། ཆབ་སྲིད་ཀྱི་འགྱུར་བ་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཐེ་ཝན་ནང་འོས་བསྡུ་སླེབས་ལ་ཉེ་བ་དང་མི་མང་གི་བསམ་ཤོག་བསྡུ་ལེན་བྱས་པར་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་འོས་མི་(Lai Ching-te)་ལ་རྒྱབ་ སྐྱོར་བྱེད་མཁན་མང་ཤོས་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁོང་ནི་ཐེ་ཝན་རྒྱ་ནག་ནས་ལོགས་སུ་རང་བཙན་བྱ་རྒྱུར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། ཁོང་གིས། ཐེ་ཝན་གྱི་བདེ་སྲུང་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་སྟབས། འཛམ་གླིང་མི་མང་ཚང་མས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུར་དོ་སྣང་ཆེན་པོ་བྱ་བཞིན་པ་རེད། ད་རེས་འོས་བསྡུ་འདི་ནི་ཐེ་ཝན་མི་མང་གིས་ཐེ་ཝན་རང་ལ་ཡིད་ཆེས་བྱས་ནས་མང་གཙོའི་ཕྱོགས་སུ་བསྐྱོད་དང་། ཡང་ན་ལམ་རྙིང་པ་རྒྱ་ནག་གཅིག་ཅེས་་པའི་ཕྱོགས་སུ་བསྐྱོད་ནས་རྒྱ་ནག་གི་བཀའ་དང་ལེན་བྱེད་དང་མི་བྱེད་ཀྱི་ཐག་ཆོད་བྱ་རྒྱུའི་གལ་འགངས་ཆེ་བའི་རྒྱལ་ཡོངས་འོས་བསྡུ་ཞིག་རེད་ཅེས་གསུངས་འདུག
ཐེ་ཝེན་གྱི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་གོ་མིན་ཏང་ཚོགས་པ་ནི། རྒྱུན་དུ་རྒྱ་ནག་དང་འབྲེལ་བ་ཉེ་པོ་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཞིག་ཡིན་པ་དང་། དང་ཐོག་གོ་མིན་ཏང་ཚོགས་པ་དང་ཐེ་ཝན་མི་མང་ཚོགས་པ་ཞེས་པའི་ཆབ་སྲིད་ཚོགས་པ་ཆུང་བ་ཞིག་མཉམ་དུ་འོས་འདུའི་ལས་འགུལ་སྤེལ་རྒྱུར་མོས་མཐུན་བྱུང་ཡོད་ཀྱང་ད་ཆ་ཚོགས་པ་དེ་གཉིས་བར་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མིའི་མིང་འདོན་བྱ་ཕྱོགས་ཐད་མ་མཐུན་པར་རྩོད་གླེང་བྱེད་བཞིན་ཡོད་པ་རེད།
ཐེ་ཝན་གླིང་ཕྲན་ནང་སོ་སོའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཡོད་ནའང་། སྤྱི་ལོའི་དུས་རབས་༡༧པ་ནས་མན་ཇུ་གོང་མའི་མངའ་ཁོངས་སུ་བཅུག་པ་དང་། དུས་རབས་བཅུ་དགུ་བའི་ནང་ཉི་ཧོང་གི་མངའ་ཁོངས་སུ་བསྡུས་ནའང་ཉི་ཧོང་གི་དམག་ལ་ཕམ་ཉེས་བྱུང་བ་ནས། སྤྱི་ལོ་༡༩༤༥ཙམ་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྟངས་འཛིན་འོག་ཡོད་པས། རྒྱ་ནག་གོ་མིན་ཏང་དང་དམར་ཤོག་ཚོགས་པའི་དམག་འཁྲུག་ཁྲོད་གོ་མིན་ཏང་ཕམ་ཉེས་བྱུང་སྟེ། རྒྱ་ནག་སྐམ་ས་ནས་ཐེ་ཝན་ལ་བྲོས་བྱོལ་གྱིས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྟེན་གཞི་ཐེ་ཝན་དུ་བཙུགས་པ་ནས་བཟུང་། ཐེ་ཝན་ལ་གཞུང་འབྲེལ་གྱི་ཐོག་ནས་ཀྲུང་ཧྭ་མིན་གོ་(中華民國)་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཞེས་འབོད་ཀྱི་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་དགེ་འདུན་པ་ ༦༠ ལྷག་ལ་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎