བྱི་ལ་དོམ་ཆབ་སྲིད་ཀྱི་འབྲེལ་ལམ་སྲིད་ཇུས་ལ་སྐྱོན་བརྗོད་ཡོད་པ།

རྒྱ་ནག་གིས་ཐའེ་ལྦན་ལ་བྱི་ལ་དོམ་གཉིས་ལག་རྟགས་སྤྲད་པ་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ལྦན་གཉིས་ཟླ་བསྒྲིལ་བྱ་རྒྱུའི་ཆབ་སྲིད་ཀྱི་འབྲེལ་ལམ།
2008-12-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དེ་རིང་ཐའེ་ལྦན་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་འགའ་ཤས་ཀྱིས་བྱི་ལ་དོམ་གྱི་ཁྲ་ཐིག་ཡོད་པའི་གུ་ཐུང་སྟོད་ཐུང་གྱོན་ནས་རྒྱ་ནག་གིས་ཐའེ་ལྦན་ལ་བྱི་ལ་དོམ་གཉིས་ལག་རྟགས་སྤྲད་པ་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ལྦན་གཉིས་ཟླ་བསྒྲིལ་བྱ་རྒྱུའི་ཆབ་སྲིད་ཀྱི་འབྲེལ་ལམ་ཞིག་ལ་ངོས་འཛིན་གནང་འདུག

རྒྱ་ནག་གིས་བྱི་ལ་དོམ་ཐའེན་ཐའེན་དང་ཡོའན་ཡོའན་ཟེར་བ་གཉིས་ཐའེ་ལྦན་ལ་ལག་རྟགས་ཀྱི་ཚུལ་དུ་སྤྲད་ཡོད་པ་དེ་གཉིས་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནས་ཆུ་ཚོད་གསུམ་རིང་མཁའ་ལམ་འགྲིམས་ནས་ཐའེ་ལྦན་གྱི་གཅན་གཟིགས་ཁང་དུ་ཁ་ས་འབྱོར་ཡོད་པ་དང་དེ་རིང་ཕྱོགས་འགལ་དམངས་གཙོ་ཡར་རྒྱས་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་བྱི་ལ་དོམ་བརྒྱུད་འབྲེལ་ལམ་འཛུགས་རྒྱུའི་སྲིད་བྱུས་དེར་སྐྱོན་བརྗོད་གནང་ཡོད་པ་རེད། གྲོས་ཚོགས་འཐུས་མི་སའེ་ཡིས་རྒྱ་ནག་གིས་དུས་ཡུན་རིང་པོར་བྱི་ལ་དོམ་དེ་བཞིན་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་བྱེད་སྤྱོད་བཏང་ཡོད་པ་དང་ཐའེ་ལྦན་ཐོག་ལའང་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་གནང་འདུག

རྒྱ་ནག་གིས་ཐའེ་ལྦན་ལ་ལག་རྟགས་སྤྲད་པའི་བྱི་ལ་དོམ་གཉིས་པོ་དེའི་མིང་གཅིག་ལ་བསྒྲིལ་བ་ཡིན་ན་དེའི་གོ་དོན་ནི་མཉམ་འཛོམས་གཅིག་གྱུར་ལ་གོ་དགོས་ཀྱི་ཡོད་པ་དང་ཐའེ་ལྦན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྦུ་ཧྲིང་ཅེར་ཡིས་བྱི་ལ་དོམ་དེ་གཉིས་ཟླ་བསྒྲིལ་གཅིག་གྱུར་གྱི་དྲིལ་བསྒྲགས་ཤིག་ལ་ངོས་འཛིན་གནང་འདུག

རྒྱ་ནག་གིས་དེ་སྔོན་༢༠༠༥ལོར་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ལྦན་གྱི་གཞུང་སྲིད་འཛིན་སྐྱོང་གནང་བཞིན་པའི་སྐབས་སུ་བྱི་ལ་དོམ་ལག་རྟགས་སྤྲོད་རྒྱུའི་འཆར་གཞི་བཏོན་ཡོད་ནའང་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ལྦན་རང་བཙན་རྩོད་གླེང་གནང་གི་ཡོད་པའི་ལངས་ཕྱོགས་གཙོ་བཟུང་གནང་བའི་ཐོག་ནས་རྒྱ་ནག་གི་འཆར་གཞི་དེར་ངོས་ལེན་རྩ་བ་ནས་གནང་མེད་པ་རེད། འོན་ཀྱང་ད་ལོ་ཕྱི་ཟླ་ལྔ་པའི་ནང་གོ་མིང་ཏང་ཚོགས་པའི་མ་ཡིང་ཇུས་ཐའེ་ལྦན་གྱི་སྲིད་འཛིན་གྱི་གོ་གནས་འཛིན་པའི་རྗེས་ཀྱི་དུས་ཚོད་ཐུང་ཐུང་ཞིག་ནང་རྒྱ་ནག་གིས་ཐའེ་ལྦན་ལ་བྱི་ལ་དོམ་ལག་རྟགས་སྤྲོད་རྒྱུའི་འཆར་གཞི་དེར་ལམ་སེང་ཁས་ལེན་གནང་ཡོད་པ་རེད།

རྒྱ་ནག་ནས་འབྱོར་བའི་བྱི་ལ་དོམ་གཉིས་ད་ཆ་ཐའེ་ལྦན་གྱི་གཅན་གཟིགས་ཁང་དུ་ཡོད་པ་དང་ལོ་གསར་པ་ཤར་པའི་ཟླ་བ་དང་པོའི་ཟླ་མཇུག་ཙམ་ནས་མང་ཚོགས་ལ་འགྲེམས་སྟོན་བྱ་རྒྱུའི་འཆར་གཞི་འདུག

འཛམ་གླིང་ནང་ཆེས་དཀོན་པའི་སྲོག་ཆགས་བྱི་ལ་དོམ་ཟེར་བ་དེ་དངོས་གཞི་བྱས་ན་བོད་ནང་གི་སྲོག་ཆགས་ཤིག་ཡིན་ནའང་རྒྱ་ནག་གིས་མཛའ་མཐུན་གྱི་འབྲེལ་བ་བཟང་དུ་གཏོང་རྒྱུ་དང་རྒྱལ་ཁབ་གཞན་ཐོག་ཤུགས་རྐྱེན་ཐེབས་ཐབས་སུ་ཨ་མི་རི་ཀ་དང་ཡང་དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཡིན་པའི་སྐབས་སུ་བྱི་ལ་དོམ་ལག་རྟགས་སུ་སྤྲད་ནས་སྲིད་དོན་གྱི་འབྲེལ་བ་བཟང་དུ་གཏོང་རྒྱུའི་གོ་སྐབས་འཚོལ་ཐབས་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།