ཐའེ་ལྦན་གཞུང་འཛིན་ཚོགས་པར་འོས་བསྡུ་ཕམ་ཉེས་བྱུང་བ།

ཐའེ་ལྦན་ནང་ཁ་སྐོང་འོས་བསྡུ་ཁག་བཞི་བྱས་པའི་ནང་ནས་གོ་མིང་ཏང་ཚོགས་པར་འོས་བསྡུའི་ཕམ་ཉེས་ཐེངས་གསུམ་པ་དེ་བྱུང་འདུག

2010.02.27

༄༅༎སྲིད་འཛིན་མ་ཡིང་ཇུ་ཡིས་མང་ཚོགས་ཀྱི་རྒྱབ་སྐྱོར་གང་མང་ཐོབ་ཐབས་ཀྱི་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་ནའང༌། དེ་རིང་ཐའེ་ལྦན་ནང་ཁ་སྐོང་འོས་བསྡུ་ཁག་བཞི་བྱས་པའི་ནང་ནས་གསུམ་ཤོར་ནས་ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་ཚོགས་པར་འོས་བསྡུའི་ཕམ་ཉེས་ཐེངས་གསུམ་པ་དེ་བྱུང་འདུག།

ཐའེ་ལྦན་གྱི་སིན་ཁྲུ་ ཐའོ་ཡོན་ ཅ་ཡི་རྫོང་ཁག་གསུམ་ནང་རྒྱལ་ཡོངས་འཐུས་མིའི་འོས་ཤོག་དེ་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལ་རྒྱལ་ཁ་ཐོབ་ཡོད་སྐོར་ཐའེ་ལྦན་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གནང་བཞག།

རྫོང་ཁག་བཞིའི་ནང་ཁ་སྐོང་འོས་བསྡུ་བྱས་པའི་སྐབས་རྫོང་སྡེ་གསུམ་ནང་གོ་མིང་ཏང་ཚོགས་པར་ཕམ་ཉེས་བྱུང་ཡོད་ནའང༌། ཁྱོན་འཐུས་མི་༡༡༣ཡོད་པའི་ཐའེ་ལྦན་རྒྱལ་ཡོངས་གྲོས་ཚོགས་ནང་གོ་མིང་ཏང་ཚོགས་པར་ད་ལྟའི་སྐབས་སུ་འཐུས་མི་༧༤ཡོད་པའི་ཐོག་ནས་གྲངས་མང་ཆགས་ཀྱི་ཡོད་ཅིང༌། གྲོས་ཚོགས་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་༣༣ལས་མེད་པ་རེད།

ཐའེ་ལྦན་གོ་མིང་ཏང་ཚོགས་པའི་གྲོས་ཚོགས་འཐུས་མི་སན་ཐ་ཁྲེན་གྱིས་ཐའེ་ལྦན་ནང་དཔལ་འབྱོར་གྱི་གནས་སྟངས་ཉམ་རྒུད་ཕྱིན་མིན་ལ་མ་ལྟོས་པར་མང་ཚོགས་ཀྱིས་རྒྱུ་མཚན་མེད་པའི་ཐོག་ནས་གཞུང་འཛིན་ཚོགས་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག།  ད་རེས་ཁ་སྐོང་འོས་བསྡུའི་ནང་ཐའེ་ལྦན་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་པ་དེས་ཚོགས་པའི་བློ་སྟོབས་འཕེལ་ནས་སྲིད་འཛིན་ མ་ཡིང་ཇུ་ལ་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཆ་རྐྱེན་ཆགས་སྲིད་པ་ཞིག་རེད།

སྔ་ལོ་ཕྱི་ཟླ་༨པའི་ནང་ཐའེ་ལྦན་ཁུལ་མཚོ་རླུངས་དྲག་པོ་མོ་ར་ཀོཏ་ཞེས་པ་དེ་རྒྱབ་ནས་ཡུལ་མི་༧༠༠ཙམ་ལ་སྲོག་སྐྱོན་གྱི་གནས་ཚུལ་བྱུང་རྗེས་ སྲིད་འཛིན་མ་ཡིང་ཇུ་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆུང་དུ་ཕྱིན་ནས་ མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ད་ཆ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༢༠དང་༣༠བར་ལ་མ་གཏོགས་མེད་པ་རེད། མ་ཡིང་ཇུ་ཡིས་ཐོག་མར་སྲིད་འཛིན་གྱི་མཚན་གནས་བཞེས་སྐབས་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མང་ཚོགས་བརྒྱ་ཆ་༦༠ལྷག་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎