ཐེ་ཝན་དང་ཨ་རིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག

2019-04-03
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་དང་ཐེ་ཝན་གྱི་མཁའ་དམག་གནམ་གྲུ་མཉམ་དུ་དམག་སྦྱོང་ཞིག་གི་སྐབས། ༢༠༡༨།༥།༡༡
རྒྱ་ནག་དང་ཐེ་ཝན་གྱི་མཁའ་དམག་གནམ་གྲུ་མཉམ་དུ་དམག་སྦྱོང་ཞིག་གི་སྐབས། ༢༠༡༨།༥།༡༡
Taiwan's Ministry of National Defense via AP

རྒྱ་ནག་གི་གནམ་དམག་གནམ་གྲུ་ཐེ་ཝན་གྱི་བར་སྣང་ལ་འཕུར་བསྐྱོད་བྱས་བའི་བྱ་སྤྱོད་ཐད་ཐེ་ཝན་དང་ཨ་རིས་སྐྱོན་བརྗོད་བྱས་འདུག
རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་གནམ་དམག་གནམ་གྲུ་གཉིས་ཐེ་ཝན་གྱི་གནམ་ཐོག་གློ་བུར་བཙན་འཛུལ་བྱས་པ་དེར་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(John Bolton)ལགས་ཀྱིས་སྐྱོན་བརྗོད་ཞུས་ཐོག་དེ་ནི་ཁོང་ཁྲོ་སློང་གཞི་ཞིག་ཡིན་པ་དང་། ཨ་རིས་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་ལ་འགྱུར་བ་མེད་ལུགས་གསུངས་འདུག
དེ་ཡང་ཐེ་ཝན་གྱི་བདེ་སྲུང་ལྷན་ཁང་གིས་གསུངས་པར་གཞིགས་ན། རེས་གཟའ་ཉི་མའི་སྔ་དྲོའི་ཚོུད་༡༡ཙམ་ལ་རྒྱ་ནག་གི་(J-11)རྟགས་ཅན་གྱི་གནམ་དམག་གནམ་གྲུ་གཉིས་ཐེ་ཝན་གྱི་ལྷོ་ནུབ་བར་སྣང་དུ་གློ་བུར་འཛུལ་ནས་སྤྱི་ལེ་༡༨༥ཙམ་ཀྱི་སར་འཕུར་བསྐྱོད་བྱས་ཡོད་པ་དང་། ཐེ་ཝན་གྱི་གནམ་དམག་གནམ་གྲུས་ཉེན་བརྡ་བཏང་བའི་རྗེས་ཕྱིར་ལོག་བྱས་ཡོད་འདུག
ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)མཆོག་གིས་རྒྱ་ནག་གི་གློ་བུར་བཙན་འཛུལ་དེ་རིགས་ནི་ཐེ་ཝན་གྱི་བདེ་སྲུང་ལ་འཇིགས་སྐུལ་བྱས་ནས་ཁོང་ཁྲོ་སློང་ཆེད་ཡིན་པ་དང་། མ་འོངས་བཙན་འཛུལ་དེ་རིགས་བྱས་པ་ཡིན་ན་དྲག་པོའི་ལམ་ནས་གདོང་ལེན་བྱེད་དགོས་པའི་བཀའ་བཏང་ཟིན་པ་ཡིན་ཞེས་གསུངས་འདུག
རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(John Bolton)ལགས་ཀྱིས། ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་ཡོད་པའི་སྔོན་བརྡ་བཏང་ཐོག་རྒྱ་ནག་གི་གློ་བུར་བཙན་འཛུལ་དེ་རིགས་ཀྱིས་ཐེ་ཝན་མི་མང་གི་སེམས་བཀུག་ཐུབ་ཀྱི་མ་རེད་ལ་དེས་མང་གཙོར་རིན་ཐང་རྩིས་མཁན་ཚང་མ་ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་ཕན་ཐོག་ཡོང་གི་རེད་ཅེས་གསུངས་འདུག
དེ་བཞིན་ཁོང་གིས་ཨ་རིས་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུར་གྲོས་ཚོགས་ཀྱི་གཏན་ལ་ཕབ་པའི་ཁྲིམས་གཞི་དང་། ང་ཚོའི་ཁས་ལེན་ནི་ཧ་ཅང་གསལ་པོ་རེད་ཅེས་གསུངས་འདུག་ལ་རེས་གཟའ་མིག་མར་ཉིན་ཨ་རིའི་བདེ་སྲུང་ལྷན་ཁང་དང་། ཕྱི་སྲིད་ལྷན་ཁང་ནས་ཀྱང་གཅིག་མཚུངས་གསུངས་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Geng Shuang)ཀྱིས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་སུ། རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་གནམ་དམག་གནམ་གྲུ་ཐེ་ཝན་ནང་འཛུལ་བའི་དོན་རྐྱེན་ཐོག་སྲིད་འཛིན་(Tsai Ing-wen)ཀྱིས་བཤད་པ་དེ་ཚོ་ནི་ཆོ་མེད་པ་ཞིག་དང་། དངོས་འབྲེལ་ཁོང་ཁྲོ་སློང་གཞི་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཐོག་ང་ཚོས་ཨ་རིའི་འབྲེལ་ཡོད་དཔོན་རིགས་ཚོས་ཀྱང་སྙིང་ཐག་པ་ནས་རྒྱ་ནག་གཅིག་ཞེས་པའི་ལྟ་གྲུབ་ལ་སོར་གནས་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་བཤད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།