ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་སྐུ་ཚབ་དང་ཐེ་ཝན་གྱི་སྲིད་འཛིན་བར་མཇལ་འཕྲད།

2021-04-15
Share
ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་སྐུ་ཚབ་དང་ཐེ་ཝན་གྱི་སྲིད་འཛིན་བར་མཇལ་འཕྲད། ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་སྐུ་ཚབ་དང་ཐེ་ཝན་གྱི་སྲིད་འཛིན་བར་མཇལ་འཕྲད་སྐབས། ༠༤།༡༥།༢༠༢༡
Reuters

ཐེ་ཝན་གྱི་སྲིད་འཛིན་གྱིས་ཨ་རི་གཙོས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱི་སྒོ་ནས་རྒྱ་ནག་གི་ཐལ་ཆ་ཆེ་བའི་བྱ་སྤྱོད་ལ་གདོང་ལེན་བྱེད་རྒྱུ་ཡིན་པ་ཨ་རིའི་སྲིད་འཛིན་གྱིས་ཆེད་གཏོང་གནང་བའི་དམིགས་བསལ་སྐུ་ཚབ་རྣམ་པར་གསུང་འདུག
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Biden)ལགས་ཀྱིས། འདི་ཚེས་༡༣རེས་གཟའ་མིག་དམར་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་(Chris Dodd)ལགས་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཟུར་པ་(Richard Armitage) དེ་བཞིན་(James Steinburg)གཙོས་པའི་མཐོ་རིམ་དཔོན་རིགས་ཁག་གཅིག་ལས་གྲུབ་པའི་ཁོང་གི་དམིགས་བསལ་སྐུ་ཚབ་མི་སྣ་ཁག་ཅིག་ཐེ་ཝན་ནང་ཆེད་གཏོང་གནང་བ་ཐེ་ཝན་ནང་འབྱོར་ཡོད་པ་དང་། དེས་ཨ་རིའི་སྲིད་འཛིན་(Biden)ལགས་ཀྱིས་ཐེ་ཝན་དང་ཡུལ་དེའི་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་བརྡ་བཏང་བ་ཡིན་པ་གནད་དོན་དབྱེ་ཞིབ་པས་བརྗོད་བཞིན་པ་རེད།
འདི་ཚེས་༡༥་ཉིན་ཁོང་ཚོ་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡུན་ཝིན་(Tsai Ing-wen)ལགས་དང་ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ནང་མཇལ་མོལ་སྐབས། ཐེ་ཝན་སྲིད་འཛིན་གྱིས། རྒྱ་ནག་གི་ཐལ་ཆ་ཆེ་བའི་དམག་ཐབས་སྲིད་ཇུས་དང་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་ཁག་ལ་ཁ་གཏད་གདོང་ལེན་བྱེད་ཕྱིར་དང་། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་(Indo –Pacific)མངའ་ཁུལ་གྱི་བདེ་འཇགས་སྲ་བརྟན་དང་སྲུང་སྐྱོབ་ཆེད་དུ། ཨ་མི་རི་ཀ་གཙོས་པའི་ཐེ་ཝན་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་མཉམ་ལས་གནང་འདོད་ཡོད་པ་སོགས་ཨ་རིའི་སྲིད་འཛིན་གྱིས་བཏང་བའི་དམིགས་བསལ་སྐུ་ཚབ་རྣམ་པ་ཚོར་གསུང་ཡོད་འདུག
ཨ་རིའི་སྲིད་འཛིན་ཀྱིས་ཆེད་གཏོང་གནང་བའི་དམིགས་བསལ་སྐུ་ཚབ་གྲས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་(Chris Todd)ལགས་ཀྱིས། ཨ་རིའི་(Biden)གཞུང་འཛིན་དེ་ནི་ཐེ་ཝན་གྱིས་ཡིད་བརྟན་འཕེར་བ་དང་ཡིད་ཆེས་བློས་འགེལ་ཆོག་པ་ཡིན་སྟབས། ཐེ་ཝན་གླིང་ཕྲན་གྱིས་རང་གི་རྒྱལ་སྤྱིའི་ནང་གི་གོ་གནས་རྒྱ་བསྐྱེད་གཏོང་རྒྱུ་དང་རང་ཉིད་སྲུང་སྐྱོབ་བྱ་རྒྱུར་མ་རྩ་འཛུགས་རྒྱུར་རྒྱབ་སྐྱོར་གནང་གི་རེད་ཅེས་གསུངས་པ་མ་ཟད། ཨ་རི་དང་ཐེ་ཝན་གཉིས་བར་གྱི་མཉམ་འབྲེལ་དེ་ནི་དེ་སྔ་ལས་ལྷག་པ་ཡོད་པ་དང་། ད་རེས་ཀྱི་འཚམས་གཟིགས་དེས་ཨ་རིའི་སྲིད་འཛིན་སྦཡེ་ཌེན་གྱིས་ཐེ་ཝན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེ་ཡང་བསྐྱར་དངོས་སུ་ར་སྤྲོད་བྱུང་བ་ཡང་གསུངས་ཡོད་འདུག
ད་རེས་སྐུ་ཚབ་ཐེ་ཝན་ལ་བཏང་བ་དེ་གཞུང་འབྲེལ་མིན་པ་དང་། དེ་ནི་ཨ་རིའི་གཞུང་གིས་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་གཞུང་འབྲེལ་མིན་པའི་མཐོ་རིམ་སྐུ་ཚབ་ཐེ་ཝན་ལ་གཏོང་སྲོལ་ཡོད་པ་དང་གཅིག་མཚུངས་རེད་ཅེས་ཨ་རིའི་གཞུང་འབྲེལ་འབྲེལ་ཡོད་མི་སྣས་བརྗོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གཞུང་འབྲེལ་མི་སྣས་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་བར་རང་དབང་གི་ཐོག་ནས་མཇལ་འཕྲད་གང་མང་ཡོང་ཐབས་ཆེད་བཀག་སྡོམ་མེད་པའི་ལམ་སྟོན་གསར་པ་ཞིག་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་བཀོད་ཁྱབ་བཏང་ཡོད་པ་རེད། དེ་ནི་རྒྱ་ནག་གཞུང་གིས་ཐེ་ཝན་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་དང་བདག་དབང་ཡོད་ཟེར་བཞིན་ཐེ་ཝན་མཚོ་གླིང་མཐའ་འཁོར་དུ་དམག་གི་སྡིག་ར་སྐུལ་བ་དང་། དམག་དོན་གྱི་བྱེད་སྒོ་རྒྱ་བསྐྱེད་གཏོང་བཞིན་བའི་དུས་སྐབས་དང་བསྟུན་ཨ་རི་དང་ཐེ་ཝན་གཉིས་བར་འབྲེལ་ལམ་དམ་ཟབ་ཏུ་བཏང་བ་ཞིག་ཡིན་པ་རེད།
ཨ་རིའི་སྲིད་འཛིན་གོང་མ་(Trump)གྱི་གཞུང་འཛིན་སྐབས། ཨ་རིའི་མཐོ་རིམ་དཔོན་རིགས་ཁག་ཅིག་ཐེ་ཝན་ལ་བཏང་མྱོང་བ་དང་། སྐབས་དེའི་ཕྱི་སྲིད་དྲུང་ཆེ་(mike Pompeo)ལགས་ཀྱིས། ཨ་རིའི་གཞུང་འབྲེལ་མི་སྣ་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་བར་ཐད་ཀར་འབྲེལ་ལམ་གནང་ཕྱོགས་ཐད་དེ་སྔ་དམ་བསྒྲགས་ཡོད་པ་དེ་ཚོ་མེད་པར་བཟོས་སྟབས་དེས་རྒྱ་ནག་ཁོང་ཁྲོ་ལངས་ཡོད་པ་རེད།
ཐེ་ཝན་མཚོ་འགག་གི་ད་ལྟའི་གནས་སྟངས་རང་སོར་རྒྱུན་གནས་ཡོངས་ཐབས་ཀྱི་གནད་དོན་ཐད། གཟའ་འཁོར་འདིའི་ནང་ཉི་ཧོང་གི་སྲིད་བློན་(Yoshihide)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འཚམས་གཟིགས་དང་མཉམ་སྲིད་འཛིན་(Biden)དང་ལྷན་འབྲེལ་མོལ་གྱི་སྐབས་སུ་གླེང་རྒྱུའི་གནད་དོན་ཞིག་ཀྱང་ཡིན་པ་ཨ་རིའི་གཞུང་འབྲེལ་མི་སྣས་བརྗོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།