ཨ་རིས་ཐེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་ཟེར།

2021-08-20
Share
ཨ་རིས་ཐེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་ཟེར། ཐེ་ཝན་དང་ཨ་རིའི་རྒྱལ་དར།
Reuters

ཨ་མི་རི་ཀས་ཐེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་ཨ་རིས་ཐེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་ལུགས་གསུངས་འདུག
འདི་ཚེས་༡༩་གཟའ་ཕུར་བུའི་ཉིན་ཨ་རིའི་(ABC)་བརྙན་འཕྲིན་ལས་ཁང་གིས་ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་ལགས་སུ། ཨཧྥ་གྷ་ནིསི་ཐན་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་པའི་རྐྱེན་གྱིས་འུར་ཟིང་ཆེན་པོ་བྱུང་བ་དང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་དུ་ཨ་རིས་ཐེ་ཝན་ཡང་སྲུང་སྐྱོབ་བྱེད་ཀྱི་མ་རེད། ཨ་རིར་ཡིད་ཆེས་དང་བློས་འགེལ་རྒྱུ་མེད་ལུགས་བཤད་པ་ཁག་གི་ཐད་བཅར་འདྲིའི་ལན་དུ། སྲིད་འཛིན་(Biden)་ལགས་ཀྱིས། ཐེ་ཝན་དང་ལྷོ་ཀོ་རི་ཡ། བྱང་ཨེཀ་ལན་ཀྲིག་སྤྱི་ཆིང་སྒྲིག་འཛུགས་(NATO)་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་། ཨཧྥ་གྷ་ནིསི་ཐན་གྱི་གནས་སྟངས་ལ་གཞི་རྩའི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། རྒྱལ་ཁབ་གཞན་ཁག་དང་མཉམ་འབྲེལ་གྱི་སྒོ་ནས་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་བརྟན་པོ་ཡོད་པའི་གསུངས་འདུག
ད་དུང་སྲིད་འཛིན་མཆོག་གིས། ང་ཚོས་ཁས་ལེན་བྱས་པ་ཡོངས་རྫོགས་དམ་འཛིན་བྱས་ཡོད། རྩ་ཁྲིམས་ཀྱི་དོན་ཚན་༥་པའི་ནང་སུ་ཡང་རུང་བ་ཞིག་གིས་(NATO)་ཞེས་བྱང་ཨེཀ་ལན་ཀྲིག་སྤྱི་ཆིང་སྒྲིག་འཛུགས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་གཅིག་ནང་བཙན་འཛུལ་ལམ་རྒྱལ་ཁབ་དེའི་ཁ་གཏད་ལ་ལས་དོན་གང་འདྲ་ཞིག་སྤེལ་ཡང་ང་ཚོས་ཡ་ལན་སློག་གི་རེད། དེ་དང་མཚུངས་པར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཐེ་ཝན་ལ་ཡང་ཡོད་པ་རེད་ཅེས་གསུངས་འདུག
ཡང་ཨ་རིའི་(Biden)་འཛིན་སྐྱོང་གི་དཔོན་རིགས་མཐོ་གྲས་ཤིག་གིས། ཨ་རིས་ཐེ་ཝན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད་ལུགས་གསུངས་འདུག
རྩ་ཁྲིམས་ནང་ཨ་རིས་ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་བྱ་རྒྱུའི་ཐབས་ལམ་མཁོ་སྤྲོད་བྱེད་དགོས་པ་འཁོད་ཡོད་རུང་། དུས་ཡུན་རིང་པོ་ཞིག་ནས་གོ་དོན་གཉིས་ལྡན་གྱི་ཐབས་ཇུས་བཟུང་ཡོད་པ་རེད། ཨ་རིའི་མཁས་པ་གྲགས་ཅན་འགའ་ཤས་ཀྱིས། དེང་སྐབས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་དྲག་པོའི་སྡིག་རྭ་སྐུལ་ཤུགས་ཇེ་ཆེར་གཏོང་བཞིན་པ་དང་བསྟུན་ནས་ཨ་རིའི་གཞུང་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་དམིགས་གསལ་གྱིས་འགན་ལེན་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།