ཨ་རིས་ཐེ་ཝན་དེ་བཞིན་རང་དབང་གཙང་མ་ལྡན་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་གནང་དགོས། ཕྱི་སྲིད་དྲུང་ཆེ་ཟུར་པས།

2022.03.04
Share on WhatsApp
Share on WhatsApp
ཨ་རིས་ཐེ་ཝན་དེ་བཞིན་རང་དབང་གཙང་མ་ལྡན་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་གནང་དགོས། ཕྱི་སྲིད་དྲུང་ཆེ་ཟུར་པས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Mike Pompeo)་ཐེ་ཝན་དུ། ༠༣།༠༤།༢༠༢༢
RFA/mandarin

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Mike Pompeo)་ད་སྐབས་ཐེ་ཝན་དུ་ཕེབས་ཡོད་པ་དང་། ཁོང་གིས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་འཇིགས་སྐུལ་ཡང་སེ་བྱེད་བཞིན་པ་དང་། ཉེན་ཁ་བཟོ་བཞིན་པའི་གནད་དོན་འདི་སྣང་ཆུང་བྱས་ནས་འཇོག་མི་ཉན། ཨ་རིས་ཕྱི་འབྲེལ་སྲིད་ ཇུས་ལམ་ནས་ཐེ་ཝན་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་བྱ་དགོས་པ་རེད་ཅེས་དང་། ངའི་བསམ་པར་ཨ་རིས་ཐེ་ཝན་ལ་དགོས་ངེས་ག་རེ་གནང་དགོས་ཀྱང་འཕྲལ་དུ་གནང་རྒྱུ་དེ་གལ་ཆེན་པོ་ཞིག་རེད་བསམ་ཀྱི་འདུག ཨ་རིས་རྒྱུན་རིང་ནས་གནང་རྒྱུ་ལྷག་པའི་ཐེ་ཝན་དེ་བཞིན་རང་དབང་གཙང་མའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་གནང་དགོས་པ་རེད་བསམ་ཀྱི་འདུག་ཞེས་འདི་ཚེས་༤གཟའ་པ་སངས་ཉིན་ཐེ་ཝན་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གསུངས་འདུག
ཨ་རིས་ཐེ་ཝན་དེ་བཞིན་གོ་མཚོན་ཉོ་ཚོང་གི་ཐོག་ནས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་གལ་ཆེ་ཞིག་ལ་བརྩི་བཞིན་ཡོད་ཀྱང་། ཕྱི་ལོ་༡༩༧༩ལོར་ཨ་རིས་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་བཏང་ནས་ཨ་རིའི་གཞུང་འབྲེལ་ཐོག་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱས་ནས་བསྡད་ཡོད་པའི་ད་ལྟ་གནས་སྟངས་དེ་ལ་འགྱུར་བ་གཏོང་དགོས་པ་ཨ་རིའི་དཔོན་རིགས་ཟུར་པ་ཁོང་གིས་བསམ་ཚུལ་ཤུགས་ཆེན་པོ་ཡོད་པ་རེད།
ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་དང་མི་བྱེད་དེ་གཙོ་བོ་ནུབ་ཕྱོགས་ཀྱི་དབུ་ཁྲིད་རྣམ་པ་ལ་རག་ལས་ཡོད་པ་བརྗོད་འདུག
དེའི་ཐད་ཐེ་ཝན་མི་མང་ལ་བསམ་ཚུལ་གང་འདྲ་ཡོང་གི་ཡོད་མེད་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་གིས་བཅར་འདྲི་ཞུས་སྐབས། ཁོང་གིས། ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པས་གཏམ་བཤད་དེ་གནང་སྐབས་ང་རང་ཡང་དེར་བཅར་ཐུབ་པ་བྱུང་། ཁོང་གིས་ཐེ་ཝན་དེ་བཞིན་རང་དབང་གཙང་མ་ལྡན་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་གནང་དགོས་པ་སོགས་ཀྱི་གཏམ་བཤད་དེར་ཐེ་ཝན་མང་ཚོགས་ཁྲོད་རྒྱབ་སྐྱོར་དང་དགའ་བསུ་ཐོབ་བཞིན་འདུག་ལ། ཚོགས་ཁང་ཕྱི་རུ་དེར་ངོ་རྒོལ་བྱེད་མཁན་ཡང་གང་མཚམས་འདུག གང་ལྟར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Mike Pompeo)་ནི་ཨ་རིའི་འགོ་ཁྲིད་རིམ་པའི་ཁྲོད། ཐེ་ཝན་ལ་འབྲེལ་ལམ་ཡག་ཤོས་འཛིན་མཁན་དང་། ཐེ་ཝན་དང་འབྲེལ་ལམ་ཡག་པོ་ཡོད་པ་འགོ་འཛུགས་མཁན་ཡིན་པ་མ་ཟད། རྒྱ་ནག་གི་ཐོག་སྲིད་ཇུས་མཁྲེགས་པོ་འཛིན་མཁན་ཡིན་པར་ངོས་འཛིན་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཟེར།
དེང་སྐབས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བ་དེ་ཙམ་ཡག་པོ་མེད་པ་དང་། དེ་བཞིན་ཨུ་རུ་སུས་ཡུའུ་ཁུ་རེན་(Ukraine)་ལ་བཙན་འཛུལ་བྱས་པའི་དཀའ་རྙོག་ཅན་ཀྱི་དུས་འདིར། ཨ་མི་རི་ཀའི་ཕྱི་འབྲེལ་དྲུང་ཆེ་ཆེན་མོ་ཟུར་པ་སྐུ་ཞབས་(Mike Pompeo)་ལགས་སུ། འདི་ཚེས་༣་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཡི་སྲིད་འཛིན་ལས་ཁུངས་ནང་སྲིད་འཛིན་ལྕམ་ཚའེ་ཡུན་ཝུན་(Tsai Ing-wen)་ལགས་དང་མཇལ་འཕྲད་གནང་དང་མཉམ། ཐེ་ཝན་སྲིད་འཛིན་གྱི་གཟེངས་རྟགས་ཕུལ་ནས། ཁོང་ནས་ཐེ་ཝན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ཁོང་ནི་ཨ་རིའི་སྲིད་འཛིན་ཟུར་པ་(Donald Trump)་མཆོག་ལ་རྒྱ་ནག་ཐོག་མཁྲེགས་བཟུང་བྱ་དགོས་པའི་སློབ་སྟོན་ཕུལ་མཁན་ཞིག་ཡིན་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། དགོས་གལ་བྱུང་ཚེ་དྲག་པོའི་ལམ་ནས་ཐེ་ཝན་རྒྱ་ནག་དང་ཟླ་བསྒྲིལ་གཏོང་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱ་བཞིན་པར་སོང་ད་ལྟ་ཨུ་རུ་སུས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱེད་བཞིན་པའི་སྐབས་ཐེ་ཝན་གྱིས་བལྟ་ཞིབ་ནན་པོ་བྱ་བཞིན་པ་རེད།

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།