ཐེ་ཝན་སྔར་ལས་ལྷག་སྲ་བརྟན་དང་ཆིག་སྒྲིལ་གནང་གལ་ཆེ་བ་སྲིད་འཛིན་གྱིས་གསུངས་འདུག

2021-08-19
Share
ཐེ་ཝན་སྔར་ལས་ལྷག་སྲ་བརྟན་དང་ཆིག་སྒྲིལ་གནང་གལ་ཆེ་བ་སྲིད་འཛིན་གྱིས་གསུངས་འདུག ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་ལགས།
AP

ཨ་མི་རི་ཀའི་དམག་དཔུང་ཨཧྥ་གྷ་ནིསི་ཐན་ནས་ཕྱིར་འཐེན་བྱས་པའི་རྗེས་ཐེ་ཝན་གྱི་སྲིད་འཛིན་གྱིས་ཐེ་ཝན་སྔར་བས་སྲ་བརྟན་གཏོང་དགོས་གལ་ཆེ་བ་གསུངས་འདུག
དེ་ཡང་ཉེ་ལམ་མི་ལོ་༢༠་རྗེས་ཨ་མི་རི་ཀའི་དམག་དཔུང་ཨཧྥ་གྷ་ནིསི་ཐན་(Afghanistan)་ནས་ཕྱིར་འཐེན་བྱས་པའི་རྗེས། ཅང་མ་འགོར་བར་ཨཧྥ་གྷ་ནིསི་ཐན་རྒྱལ་ཁབ་དེ་སླར་ཡང་ཏཱ་ལི་པན་(Taliban)་ཚོགས་པས་དབང་བསྒྱུར་བྱས་ཡོད་པ་དང་། འདི་ཚེས་༡༨་རེས་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་ལགས་ཀྱིས། ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་ཀྱི་འགན་ལེན་ཐུབ་ཐབས་སུ་ཐེ་ཝན་སྔར་བས་སྲ་བརྟན་དང་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་གཏོང་དགོས་གལ་ཆེ་བའི་གཏམ་བཤད་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ས་ཁུལ་ཞིག་ཡིན་པ་ངོས་འཛིན་གྱིས་ཉིན་ཞིག་ཐེ་ཝན་རྒྱ་ནག་གིས་ལེན་རྒྱུའི་ཐབས་ཤེས་བྱེད་བཞིན་པར་བརྟེན་ནས། དམངས་གཙོའི་ལམ་ལུགས་ལྡན་པའི་ཐེ་ཝན་ལ་མི་འབོར་ས་ཡ་༢༣་ཡོད་པ་རྣམས། རྒྱ་ནག་གཞུང་གིས་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་གྱི་གནས་སྟངས་འོག་འཚོ་གནས་བྱེད་བཞིན་ཡོད་པ་རེད།
ཐེ་ཝན་ནི་ཨ་མི་རི་ཀའི་གཞུང་འབྲེལ་མ་ཡིན་པའི་གལ་ཆེའི་མཐུན་ཕྱོགས་སུ་མུ་མཐུད་དུ་གནས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ནས་ཐེ་ཝན་སྲུང་སྐྱོབ་ཀྱི་ཆེད་དུ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་གྲོས་མཐུན་བཤངག་ཡོད་པ་རེད།
འོན་ཀྱང་ཨ་མི་རི་ཀའི་དམག་དཔུང་(Afghanistan)་ནས་གློ་བུར་དུ་ཕྱིར་འཐེན་བྱས་པ་དེ་ཡིས་ཐེ་ཝན་ནང་། གལ་ཏེ། ཐེ་ཝན་གྱི་སྲུང་སྐྱོབ་གནད་དོན་ལ་ཐུགས་པའི་སྐབས་ཨ་མི་རི་ཀར་ཡིད་ཆེས་བློས་འགེལ་བྱ་རུང་མིན་ཐད་ལ་གླེང་སློང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ཐེ་ཝན་གྱི་སྲིད་འཛིན་མཆོག་ནས་སེམས་ཁྲལ་ཡོད་པའི་གནད་དོན་དེ་དག་རེས་གཟའ་ལྷག་པའི་ཉིན་ཁོང་གི་ངོ་དེབ་ཐོག་ལ་བྲིས་གནང་སྟེ། ཉེ་ཆར་གྱི་(Afghanistan)་ནང་གི་གནས་སྟངས་འགྱུར་ལྡོག་བྱུང་བ་དེའི་ཐད། ཐེ་ཝན་ནང་བགྲོ་གླེང་ཤུགས་ཆེ་བྱེད་ཡུལ་ཞིག་ཏུ་གྱུར་བ་རེད། ངོས་ནས་ཚང་མར་ཤོད་རྒྱུ་ནི། ཐེ་ཝན་སྲུང་སྐྱོབ་སྲུང་སྐྱོབ་བྱེད་པར་སོ་སོ་རང་ཉིད་ཀྱིས་སྲུང་སྐྱོབ་སྲ་བརྟན་བཟོ་རྒྱུ་དང་། སྔར་བས་ཆིག་སྒྲིལ་གྱི་ནུས་པ་ཆེ་རུ་གཏོང་དགོས་པ། བློ་རྩ་བརྟན་དུ་གཏོང་དགོས་པ། ཐེ་ཝན་རང་ཉིད་ཡིད་ཆེས་ལྡན་པ་ཞིག་ཡོང་བའི་སྦྱོང་བརྡར་བྱ་དགོས་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད་འདུག

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།