ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུར་དགའ་བསུ་ཡོད་གསུངས།

2020-09-11
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་Joanne Ou ལགས།
ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་Joanne Ou ལགས།
ཨེ་ཨེཕ་པི།

ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཞབས་སོར་འཁོད་པ་ཡིན་ན་དགའ་བསུ་ཞུ་རྒྱུ་ཡིན་ཡང་། ད་ལྟའི་གནས་སྐབས་འདིར་ཀོ་ཝིཌ་༡༩ཏོག་དབྱིབས་ནད་རིམ་ཀྱིས་རྐྱེན་པས་ཆིབས་བསྒྱུར་གནང་རྒྱུ་ཁག་པོ་ཡིན་ལུགས་གསུངས་བཞག

ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་ལ་གསུང་ཆོས་སྩལ་གནང་མཛད་སྐབས། ལོ་རྗེས་མའི་ནང་སིངྒ་པུར་དང་ཐེ་ཝན་སོགས་སུ་ཆིབས་བསྒྱུར་སྐྱོང་གནང་ཐུབ་རེ་གནང་གི་ཡོད་པ་ཞོར་འཕྲོས་སུ་བཀའ་གནང་ཡོད་པ་རེད།

སྤྱིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ཕྱོགས་ཀྱི་ཆིབས་བསྒྱུར་མཛད་འཆར་ཁག་ཉུང་དུ་བཏང་གནང་ཡོད་ལ། ལྷག་པར་དུ་འདི་ལོའི་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཀྱི་ཐོག་ནས་ཆིབས་བསྒྱུར་མཛད་འཆར་ཡོངས་རྫོགས་ཕྱིར་བསྡུ་གནང་ཡོད་པ་རེད།

ཐེ་ཝན་དུ་བོད་ཀྱི་ནང་ཆོས་རྗེས་འབྲངས་པ་དང་གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཧ་ཅང་མང་པོ་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ལན་མང་གདན་ཞུ་གསོལ་འདེབས་ཞུ་བཞིན་ཡོད་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཕྱི་ལོ་༡༩༩༧དང་༢༠༠༡་དེ་ནས་ ༢༠༠༩ བཅས་སུ་ཆིབས་བསྒྱུར་གནང་ཡོད་ཀྱང་། དེ་རྗེས་ཕྱི་ལོ་༢༠༡༦ ལོར་Tsai-ing-wenཐེ་ཝན་གྱི་སྲིད་འཛིན་དུ་བསྐོ་བཞག་བྱུང་བ་ནས་བཟུང་ད་བར་ཐེ་ཝན་དུ་ཆིབས་བསྒྱུར་བསྐྱོངས་གནང་མཛད་མེད་པ་རེད། ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་Joanne Ou ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱལ་སྤྱིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མཚན་སྙན་ཅན་ཞིག་ཡིན་སྟབས། ཁོང་ཐེ་ཝན་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ལྷག་པར་དུ་༧གོང་ས་མཆོག་ལ་ཐེ་ཝན་ནང་དད་ལྡན་རྗེས་འཇུག་པ་མང་པོ་ཡོད་པ་བརྗོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།