རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཉམ་འདྲེས་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་སོགས་ཀྱི་སྲིད་བྱུས་ནི། བོད་རིགས་རྒྱ་རིགས་སུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ངོས་འཛིན་གནང་གི་ཡོད་པ།

2021.08.03
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཉམ་འདྲེས་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་སོགས་ཀྱི་སྲིད་བྱུས་ནི། བོད་རིགས་རྒྱ་རིགས་སུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ངོས་འཛིན་གནང་གི་ཡོད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ།ཉེ་ལམ་སྤྱི་ཟླ་༧པའི་ཚེས་༣༠ནས་༣༡བར་ལྷ་སར་འཚོགས་ཤིང་།བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཝུའུ་དབྱིང་ཅེ་ཡིས།ཉེ་ལམ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་ལྟ་སྐོར་སྐབས་ཀྱི་མཛུབ་སྟོན་ཏེ།གཙོ་བོ་མི་རིགས་མཉམ་འདྲེས་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་སོགས་ལ་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་དོན་འཁྱོལ་བྱ་དགོས་པ་ནན་བཤད་བྱས་ཡོད་པའི་ཐད།བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས།རྒྱ་ནག་གི་སྲིད་བྱུས་དེ་ནི་ནམ་རྒྱུན་བོད་ནང་དང་ཤིན་ཅང་།སོག་པོ་བཅས་ཀྱི་ནང་ལག་བསྟར་བྱས་བསྡད་པའི་མི་རིགས་ཀྱི་ངོ་བོ་རྒྱ་རིགས་སུ་བསྒྱུར་པའི་སྲིད་བྱུས་ཤིག་ཡིན་པ་མ་ཟད།ཞི་ཅིན་ཕིང་གིས་དངོས་སུ་བོད་ནང་སྲིད་བྱུས་དེ་གཏན་འབེབས་བྱས་པ་མཚོན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་གལ་ཆེའི་བཀའ་སློབ་ལག་ལེན་བྱ་དགོས་ཞེས་ཁོང་ཚོས་བཤད་བསྡད་པ་ལས།དོན་ཚན་བརྒྱད་ཡོད་པའི་ནང་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བརྟན་བརླིང་སོགས་ནམ་རྒྱུན་བཤད་བསྡད་པ་ཡིན་ནའང་།ཁ་སྣོན་གཙོ་ཆེ་ཤོས་ཤིག་ནི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་དང་།མི་རིགས་མཐུན་སྒྲིལ་དང་མཉམ་བསྲེས་གཉིས་ཡིན་པ་དང་།རྒྱ་ནག་གི་དཔོན་རིགས་མཐོ་གྲས་བོད་ནང་ཡོང་ན་བོད་ནང་དམ་དྲག་ཇེ་ཆེར་འགྲོ་བ་དང་།དཔལ་འབྱོར་འཛུགས་བསྐྲུན་ཤུགས་ཆེར་གཏོང་བ།བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམ་དྲག་རིམ་ཅན་དུ་ཡོང་བཞིན་པ་ཡིན་པས།ཞི་ཅིན་ཕིང་བོད་ལ་ཡོང་ནས་ཀྱང་དམ་དྲག་ཇེ་ཆེར་བཏང་བ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་བརྒྱུད་ནང་བསྟན་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་སྤོབས་པ།རང་ཚུགས་ཐུབ་པོ་བཅས་ཀྱི་གཞི་རྩ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཆགས་ཀྱི་ཡོད་པས།རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཆོས་ལ་ཧ་ཅང་སྡང་ཟུག་ཆེན་པོ་བྱས་བསྡད་པ་ནི་བོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་ཡོད་ཅིང་།ཆོས་ལུགས་རྒྱ་ནག་ཅན་དང་ཁྲིམས་མཐུན་དུ་བསྒྱུར་བ་སོགས་མིང་སྣ་ཚོགས་བཏགས་པ་ཙམ་ལས།རྒྱ་ནག་གི་ཐ་མའི་དམིགས་ཡུལ་ནི་བོད་ཀྱི་ནང་ཆོས་ཉམས་དམས་སུ་གཏོང་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ནང་བཏོན་པའི་དོན་ཚན་བརྒྱད་ནི།སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད།དམངས་ཀྱི་འཚོ་བའི་འགན་ལེན་ལེགས་སུ་གཏོང་བ་དང་།སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་།མི་རིགས་མཉམ་འདྲེས་མཉམ་སྤེལ་ལ་སྐུལ་འདེད་གཏོང་བ་དང་།བོད་བརྒྱུད་ནང་བསྟར་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ།མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་།གུང་ཁྲན་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་སོགས་ཡིན་པ་དང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས།རྒྱ་ནག་གཞུང་གིས་བཏོན་པའི་དོན་ཚན་བརྒྱད་ནི་ནམ་རྒྱུན་བོད་ནང་ལག་བསྟར་བྱེད་བཞིན་པ་རྐྱང་ཡིན་པ་དང་།བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་དང་བོད་མིའི་འཚོ་བ་ཡར་རྒྱས་སུ་གཏོང་བ།མི་རིགས་མཐུན་སྒྲིལ་བཅས་ནི་ཉེ་བའི་ལོ་ཤས་སུ་ལག་བསྟར་ཤུགས་ཆེར་བྱེད་བཞིན་པ་དང་།བརྟན་བརླིང་སྲུང་སྐྱོབ་ལྟ་བུའི་སྲིད་བྱུས་དེ་རིགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་གང་བྱུང་འཛིན་བཟུང་སོགས།གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་ཀྱིས་བཙན་དབང་གི་སྲིད་བྱུས་མང་པོ་ཞིག་ལ།དགོན་སྡེ་གྲྭ་བཙུན་དང་བླ་ཆེན་སོགས་ཀྱིས་རྒྱ་ནག་གཞུང་གི་ཁ་ལ་མ་ཉན་ན།དགོན་པ་སྒོ་བརྒྱབས་པ་དང་བཙོན་འཇུག་གི་གནས་ཚུལ་སོགས་ཡོང་བཞིན་པ་ནི།བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་ཁ་གཡར་བཞིན་པ་ཡིན་ནའང་།ལག་བསྟར་དངོས་ཀྱི་སྐབས་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་འགྲོ་བཞིན་པ་འགྲེལ་བརྗོད་གནང་གི་འདུ

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་ཆེན་ཐོག།ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་དོན་འཁྱོལ་དགོས་པ་ཤུགས་ཆེ་བཤད་བཞིན་པ་མ་ཟད།རིང་མིན་མི་དམངས་འཐུས་མི་ཚོགས་ཆེན་བསྐོང་རྒྱུའང་ཡོངས་གྲགས་བྱས་ཡོད་པས།བོད་ནང་དམ་དྲག་སྲིད་བྱུས་དང་འབྲེལ་བའི་ཁྲིམས་གསར་པ་ཞིག་ཀྱང་བཟོ་སྲིད་པ་རེད་ཅེས།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བློ་འཚབ་ཆེན་པོའི་ལམ་ནས་འགྲེལ་བརྗོད་གནང་གི་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎