འདི་ལོ་ལྷ་སར་བརྟན་བརླིང་ཡོང་བར་ལས་འགན་ཨང་དང་པོ་ཁ་བྲལ་ལ་ངོ་རྒོལ་དགོས་སྐོར་དང་འབྲེལ་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2022.05.09
Share on WhatsApp
Share on WhatsApp
འདི་ལོ་ལྷ་སར་བརྟན་བརླིང་ཡོང་བར་ལས་འགན་ཨང་དང་པོ་ཁ་བྲལ་ལ་ངོ་རྒོལ་དགོས་སྐོར་དང་འབྲེལ་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་འདུག ཕྱི་ཟླ་༤་ཚེས་༢༨ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་མགོ་ཁྲིད་ཚན་ཆུང་ཟེར་བས། འདི་ལོའི་བོད་རང་སྐྱོང་ལྗོངས་ནང་ཞི་འཇགས་དང་བརྟན་བརླིང་སྐྲུན་ཐབས་ཀྱི་ལས་དོན་བཀོད་སྒྲིག་ཟེར་བའི་ཚོགས་འདུ་ཞིག་འཚོགས་ཡོད་པ་།
Chinese media

ཉེ་སྔོན་ཕྱི་ཟླ་༤་ཚེས་༢༨ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་མགོ་ཁྲིད་ཚན་ཆུང་ཟེར་བས། འདི་ལོའི་བོད་རང་སྐྱོང་ལྗོངས་ནང་ཞི་འཇགས་དང་བརྟན་བརླིང་སྐྲུན་ཐབས་ཀྱི་ལས་དོན་བཀོད་སྒྲིག་ཟེར་བའི་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ནང་དུས་བདེ་ཞི་འཇགས་ཡོང་བར་ལས་འགན་ཨང་དང་པོ་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། ད་ལྟའི་ཆར་ལྷ་སའི་ཕོ་ཏ་ལ་དང་དགོན་སྡེ་ཁག་གཙོའི་མི་མང་གི་འགྲོ་འདུག་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་རང་སྐྱོང་ལྗོངས་མགོ་ཁྲིད་ཚན་པའི་དུས་བདེའི་བོད་ལྗོངས་ཡོང་ཐབས་ཀྱི་ཚོགས་འདུ་ཟེར་བའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲང་ཟེར་བས་གནད་དོན་ཆེན་པོ་བདུན་བཤད་ཡོད་པ་ལས། དང་པོ་དེ་ཁ་བྲལ་བ་དང་དེ་དག་གི་སིམ་འཛུལ་ལ་ངོ་རྒོལ་དང་། ཁ་བྲལ་གཏོར་བཤིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ་དང་། དེ་བཞིན་ཏང་གི་ཆོས་ལུགས་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་གྱི་ལོག་ཆོས་སྤེལ་མཁན་ཚོར་ངོ་རྒོལ་རྡུང་རྡེག་གཏོང་དགོས་སྐོར་སོགས་བཤད་འདུག

གཞན་ཡང་གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་ཕྱི་ཟླ་༥་མགོ་ཚུགས་པ་ནས་བཟུང་། ལྷ་སའི་ཁྲོམ་སྲང་ཁག་ཏུ་ཞིབ་བཤེར་ས་ཚིགས་མང་པོ་ཆེད་དུ་བཟོས་ནས་ཡར་མར་འགྲོ་མཁན་མི་མང་ལ་གི་ཐོབ་ཐང་ལག་འཁྱེར་ནས་བཟུང་ཞིབ་བཤེར་བྱེད་བཞིན་པ་མ་ཟད། ལྷ་སའི་མཁའ་དབྱིངས་སུ་མི་མེད་ལྟ་ཞིབ་བརྙན་ཆས་བཏང་སྟེ་གྲོང་ཁྱེར་ཡོངས་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། འབྲས་སྤུངས་དང་སེ་ར་སོགས་སུ་མཇལ་སྐོར་བྱེད་པར་ངེས་པར་དུ་ས་ཚིགས་རེ་རེ་བྱས་ཏེ་ཐོ་འགོད་དང་ས་ཡིག་བརྒྱག་བཅུག་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ན་ཡང་། རྒྱ་ནག་གཞུང་གིས་དམ་དྲག་གི་རྒྱུ་རྐྱེན་ཏོག་དབྱིབས་རིམས་ནད་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། ད་ལྟའི་ཆར་ལྷ་ས་ཁུལ་དུ་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པ་རེད་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་དང་འབྲེལ་ནས་བོད་ཀྱི་ས་ཁུལ་མང་པོའི་ནང་རྣམ་པ་འདྲ་མིན་གྱི་དམ་དྲག་ཡོང་གི་ཡོད་པ་མ་ཟད། མཚོ་སྔོན་ཕྱོགས་སུ་གཙང་སེལ་ལས་འགུལ་ཞེས་མི་མང་གི་ཁ་པར་ལ་སྔོག་བཤེར་བྱེད་ཀྱི་ཡོད་སྐོར་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། ཉེ་བའི་ཉིན་ཤས་སྔོན་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ནམ་རྒྱུན་ལྷ་ས་ཁུལ་དུ་བརྟན་བརླིང་ཟེར་ནས་ཤུགས་ཆེར་བཤད་པ་དེ་བོད་པ་ཚོར་འབྲེལ་བ་གང་ཡང་མེད་པར། གཙོ་བོ་གུང་ཁྲན་དང་གི་དབང་བསྒྱུར་སྲིད་བྱུས་ཆེད་མི་མང་ལ་དམ་དྲག་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་ཚོགས་འདུ་འདྲ་མིན་སྟེང་བོད་ནང་བརྟན་བརླིང་ཡོང་བར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་ངོ་རྒོལ་དགོས་སྐོར་བརྗོད་བཞིན་པ་མ་ཟད། དམིགས་བསལ་ལོ་ལྟར་གསུམ་བཅུའི་དུས་དྲན་དང་༧སྐུའི་འཁྲུངས་སྐར།གནད་འགག་ཅན་གྱི་དུས་ཚེས་དང་མི་མང་འདུ་འཛོམས་མང་རིགས་ལ་རྣམ་པ་འདྲ་མིན་ངང་ནས་དམ་དྲག་བྱེད་བཞིན་ཡོད་པ་རེད་ལ། ཡང་འདི་ལོའི་ཚོགས་འདུ་ཟེར་བའི་སྟེང་བོད་མི་ཚོར་རྒྱ་ནག་རྒྱལ་ཁབ་འདུ་ཤེས་ཀྱི་སློབ་གསོའི་གཏིང་ཟབ་སྤེལ་དགོས་པ་སོགས་བཤད་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎