རྒྱ་གར་ནས་གཉེན་འཕྲད་དུ་བསྐྱོད་མཁན་བོད་མི་ཞིག་ལ་ཁྲིམས་ཐག་བཅད་འདུག

2018-02-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ལགས་ཀྱི་ཉེ་པར།
དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ལགས་ཀྱི་ཉེ་པར།
བོད་འབྱོར།

རྒྱ་གར་ནས་རྒྱ་ནག་གི་ཡིག་ཆ་ཁྱེར་ནས་གཉེན་འཕྲད་དུ་བསྐྱོད་མཁན་དགེ་འདུན་པ་ཞིག་ལ་རྒྱ་ནག་གི་ལོ་དྲུག་གི་ཁྲིམས་ཆད་བཅད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་དགའ་ལྡན་དགོན་པར་བཞུགས་མྱོང་བ་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ལགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་ནས་ལམ་ཡིག་ཞུས་རྗེས་སྤྱི་ལོ་ ༢༠༡༦ ལོའི་ལོ་མཇུག་ཙམ་ལ་ཕ་ཡུལ་དུ་གཉེན་འཕྲད་དུ་ཕྱིན་ཡོད་པ་དང་། བོད་ནང་སླེབས་ནས་ཟླ་གཅིག་ཙམ་འགོར་རྗེས་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡང་མ་བཤད་པར་ཁོང་འཛིན་བཟུང་བྱས་ཡོད་པ་མ་ཟད། གསང་བའི་ཐོག་ནས་ལོ་ ༦ ཁྲིམས་ཐག་བཅད་དེ་དར་མདོའི་བཙོན་ཁང་དུ་བཅུག་ཡོད་པ་ཤེས་རྟོགས་བྱུང་འདུག
དེ་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་དོན། སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ཉིན། རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡང་མ་བཤད་པར་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་བྲག་མགོ་རྫོང་ཐོག་ནས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་ཡུན་རིང་ཞིག་ལ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ཀྱང་། སྤྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཙམ་ལ་དར་རྩེ་མདོའི་བཙོན་ཁང་ནས་ཀློད་གྲོལ་བཏང་བའི་བཙོན་པ་ཞིག་གིས། དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་དར་རྩེ་མདོའི་བཙོན་ཁང་དུ་བཅུག་འདུག་ཅེས་ནང་མི་ཚོར་ལན་སྤྲད་ཡོད་པ་དང་། སྐབས་དེར་གཞི་ནས་ཁོང་གི་ནང་མི་ཚོས་ཁྲིམས་ཐག་བཅད་དེ་ཁོང་བཙོན་ཁང་དུ་བཅུག་ཟིན་པ་ཤེས་རྟོགས་བྱུང་ཡོད་འདུག
རྒྱ་ནག་གཞུང་གིས་གྲྭ་བཀྲ་ཤིས་ཆོས་དབྱིངས་ལོ་གཅིག་ཏག་ཏག་ལ་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༡ ཉིན་དར་རྩེ་མདོའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་གསང་བའི་ཐོག་ནས་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་ལ་ཁྲིམས་ཐག་གཅོད་དགོས་པའི་རྒྱུ་མཚན་སོགས་ད་དུང་ཡང་གསལ་བཤད་གང་ཡང་བྱས་མེད་སྐོར་བརྗོད་འདུག

གསར་འགོད་པ་ཟླ་བ་སྒྲོལ་མ། ཕབ་བཤུས་ལྕགས་མོ་འཚོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།