བོད་མི་ཞིག་གིས་སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྐུ་པར་བསྐུར་བས་བཙོན་འཇུག་ཁྲིམས་ཐག་བཅད་འདུག

2021.03.23
Share on WhatsApp
Share on WhatsApp
བོད་མི་ཞིག་གིས་སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྐུ་པར་བསྐུར་བས་བཙོན་འཇུག་ཁྲིམས་ཐག་བཅད་འདུག བཀྲ་ཤིས་རྒྱལ་ལགས་སུ་ཁྲིམས་བཤེར་བྱས་སྐབས།
དྲ་བཤུས།/TCHRD

བཀྲ་ཤིས་རྒྱལ་ལགས་ཀྱིས་སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་གི་གཏམ་བཤད་བརྙན་ཐུང་སྤེལ་ལུགས་ཀྱིས་རྒྱ་ནག་གཞུང་གིས་ཁོང་ལ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མགོ་ལོག་ཁུལ་རྨ་ཆེན་རྫོང་ནས་ཡིན་པའི་བོད་མི་བཀྲ་ཤིས་རྒྱལ་ལགས་ཀྱིས། ཕྱི་ལོ་༢༠༡༤ཟླ་༡༠བའི་ཚེས་༡༤དང་། ཟླ་༡༠བའི་ཚེས་༡༢། ཟླ་༡༠བའི་ཚེས་༡༩བཅས་སུ་༧གོང་ས་མཆོག་གི་བཀའ་སློབ་དང་སྐུ་པར་༤ཕབ་ལེན་གྱིས་སྐད་འཕྲིན་གྱི་གྲོགས་ཚོམས་ནང་བསྐུར་བའི་ནག་ཉེས་བཙུགས་པ་དང་། དེ་བཞིན་ཕྱི་ལོ་༢༠༡༥ཟླ་༡ཚེས་༡ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་གཏམ་བཤད་དང་། བོད་ཀྱི་རྒྱལ་དར་སོགས་འདྲ་པར་ཁག་ཅིག་གྲོགས་ཚོམས་ནང་བརྒྱུད་སྤེལ་བྱས་པར་ཚོགས་མི་ཚོས་འདྲ་པར་དེ་དག་ལ་མོས་རྟགས་དང་མཆན་འགྲེལ་བཀོད་ལུགས་སོགས། རྒྱ་ནག་གཞུང་གིས་གནད་དོན་དེ་དག་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ས་གནས་ཀྱི་མཐུན་སྒྲིལ་བཅས་ལ་ཉེན་ཁ་བཟོས་པའི་ཉེས་མིང་བཀལ་ནས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
བོད་ཀྱི་འགྲོ་བ་མི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་གསུངས་ན། ཨ་མདོ་མགོ་ལོག་རྨ་ཆེན་རྫོང་གི་ར་རྒྱ་གྲོང་བརྡལ་ནས་ཡིན་པ། རང་ལོ་༥༠སོན་པའི་བོད་མི་བཀྲ་ཤིས་རྒྱལ་ལགས། ཕྱི་ལོ་༢༠༢༠ལོའི་ཟླ་བ་༥བའི་ཚེས་༣༠ཉིན་འཛིན་བཟུང་བྱས་ཡོད་ཅིང་། རྗེས་སུ་ཟླ་བ་༡༠བའི་ཚེས་༡༣ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་ཉེས་འཛུགས་བྱས་པའི་ཁོངས་སུ། ༧གོང་ས་མཆོག་དང་སྲིད་སྐྱོང་གཉིས་ཀྱི་སྐུ་པར་བརྒྱུད་འགོད་བྱས་པ་མ་ཟད། ལོ་གསར་དང་སྟབས་བསྟུན་གྱིས་བོད་རང་བཙན་དང་འབྲེལ་བའི་གངས་སེང་ཅན་གྱི་བོད་ཀྱི་རྒྱལ་དར་དྲ་ཚོམས་སུ་བསྐུར་བ་དང་། དེ་བཞིན་༧གོང་ས་མཆོག་བོད་ཏུ་ཕྱིར་ཕེབས་ཀྱི་རེ་སྒུག་སོགས་ཀྱི་བརྙན་ཐུང་བསྐུར་བ་སོགས་ཀྱི་ཉེས་འཛུགས་ཀྱང་བྱས་ཡོད་པ་དང་། རྒྱ་གཞུང་གིས་སོ་སོས་ཉེས་འཛུགས་བྱས་པ་བདེན་དཔང་གི་ཆེད། བཀྲ་ཤིས་རྒྱལ་ལགས་ཀྱིས་ཁྲིམས་འགལ་གྱི་བརྗོད་དོན་སྤེལ་ལུགས་ཀྱི་གནས་ཚུལ་དེ་དག་བོད་ལྗོངས་གསར་འགྱུར་ཟེར་བར་སྤེལ་བ་དང་། རྒྱུ་སྤུས་རྟོགས་ཞིབ་ཁང་ཟེར་བར་བསྐུར་བ། རྟོགས་ཞིབ་ཁང་དེས་བཀྲ་ཤིས་རྒྱལ་གྱིས་སྤེལ་བའི་གནས་ཚུལ་ཚང་མ་“རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་བདག་དབང་། ས་ཁོངས་མཐུན་སྒྲིལ་བཅས་ཀྱི་ཉེན་ཁ་དང་འབྲེལ་ལུགས་ཐག་གཅོད་བྱས་བ་དང་། ཐག་གཅོད་དེ་བརྒྱུད་ནས་མགོ་ལོག་ཁུལ་ཞིབ་དཔྱོད་ཁང་གིས་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཏེ། མགོ་ལོག་ཁུལ་རྨ་ཆེན་རྫོང་འབྲིང་རིམ་མི་དམངས་ཁང་ཟེར་བས་གསང་བའི་ཁྲིམས་ར་བསྡུས། ཁྲིམས་བཤེར་སྐབས་སུ་བཀྲ་ཤིས་རྒྱལ་ལགས་ཀྱིས་ཁོང་གི་བརྒྱུད་སྤེལ་གནས་ཚུལ་ལ་ལྟ་མཁན་ཚོགས་མི་རེ་འགའ་ལས་མེད་པས་ཁྲིམས་བཤེར་བྱེད་རིན་མེད་པའི་དག་འབུད་བྱས་ཀྱང་། ཁྲིམས་ཁང་གིས་ཞུ་གཏུག་ལ་མ་ཉན་པར་བཙོན་འཇུག་བཅད་ཁྲ་བཏང་བ་སོགས་འགྲེལ་བརྗོད་གནང་གི་འདུག
དེ་ཙ་ན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁོངས་ཀྱི་འབྲིང་རིམ་མི་དམངས་་ཁྲིམས་ཁང་ཟེར་བས། བོད་མི་བཀྲ་ཤིས་རྒྱལ་ལགས་ལ་ཁྲིམས་ཐག་བཅད་པའི་གནད་དོན་དེ་གསང་བའི་སྒོ་ནས་ཁྲིམས་ར་འཚོགས་ཡོད་སྟབས། མང་ཚོགས་ཀྱི་ཁྲོད་ནས་གནད་དོན་དེ་གོ་ཐོས་མེད་པར་ལྷག་ཡོད་ཅིང་། རྒྱ་ནག་གི་ས་གནས་ཉེན་རྟོག་པ་ཚོས་བཀྲ་ཤིས་རྒྱལ་ལགས་ཀྱི་ལག་ཁྱེར་ཁ་པར་ཡང་གཞུང་བཞེས་བཏང་ཡོད་པར་འཁོད་ཡོད་ཅིང་། རྒྱ་ནག་གཞུང་གིས་བཀྲ་ཤིས་རྒྱལ་ལགས་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ངོས་འཛིན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎