བཀྲ་ཤིས་དབང་ཕྱུག་གློད་དགོས་བ་ཡོ་རོབ་གྲོས་ཚོགས་ཀྱིས་འབོད་སྐུལ་བྱས་འདུག


2018.05.23
སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གི་ནང་མི་སྤུན་མཆེད་ཚོ་ཁྲིམས་ཁང་ཕྱི་ལ་ཡོད་པ། ༢༠༡༨།༡།༤ སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གི་ནང་མི་སྤུན་མཆེད་ཚོ་ཁྲིམས་ཁང་ཕྱི་ལ་ཡོད་པ། ༢༠༡༨།༡།༤
ཁྲིམས་རྩོད་པ།

ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དོན་གཉེར་བ་བཀྲིས་དབང་ཕྱུགས་ལགས་ལ་རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར་ཐུགས་འཚབ་ཡོད་པས་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་གནང་འདུག
ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་(Antonio Panzeri)མཆོག་གིས་ཚེས་༢༢་ཉིན་བསྒྲགས་ཤིག་སྤེལ་བའི་ནང་། ཡུལ་ཤུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་བཀྲིས་དབང་ཕྱུགས་ལགས་ནས་ཁ་བྲལ་ངན་
སྐུལ་བྱས་པའི་ཉེས་མིང་འོག་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་གཅད་པ་དེར་ཁོང་ཐུགས་འཚབ་ཧ་ཅང་ཆེན་པོ་བྱུང་བ་དང་། བཀྲིས་དབང་ཕྱུགས་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་ཐོབ་ཐང་སྲུང་སྐྱོབ་ཆེད་ཀྱི་ལས་དོན་གནང་བ་ཁག་ཨ་རིའི་ནེའུ་ཡོག་དུས་བབ་(The New York Times)ཞེས་པའི་ཚགས་པར་གྱི་དངོས་བྱུང་གློག་བརྙན་བརྒྱུད་འགྲེམས་སྤེལ་བྱས་པ་དེ་ནི་ཁྲིམས་མཐུན་ཡིན་སྐོར་གསུངས་འདུག ད་དུང་ཁོང་གིས་ཞི་བའི་སྒོ་ནས་ས་གནས་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་དར་སྤེལ་གནང་རྒྱུའི་ལས་དོན་སྤེལ་བར་ཉེས་ཆད་དུས་ནམ་ཡང་གཏོང་རྒྱུ་མེད་པ་དང་། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ཀྱི་ལམ་ལུགས་ཀྱིས་འགན་ལེན་བྱས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་སྟབས་དྲང་བདེན་མིན་པའི་སྒོ་ནས་བཀྲིས་དབང་ཕྱུགས་ལགས་ལོ་གཉིས་རིང་བཀག་ཉར་འོག་བཞག་པར་བློ་འགྱོད་ཆེན་པོ་ཡོད། ད་ཆ་ཁོང་གིས་ཁྲིམས་རྩོད་པར་ཞུ་
གཏུགས་ཡང་བསྐྱར་གནང་འཆར་ལ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བསམ་ཞིབ་ནན་པོ་དང་ཁྲིམས་ཞིབ་དྲང་པོ་དང་ཕྱི་གསལ་ནང་གསལ་བྱེད་དགོས་པའི་སྐུལ་མ་ཞུ་ཡི་ཡོད་ལ་འདི་ལོའི་ཕྱི་དང་པོའི་ནང་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ཀྱིས་བཀྲིས་དབང་ཕྱུགས་ལ་གློད་གྲོལ་དགོས་པ་དང་། ཁོང་ལ་ནག་ཉེས་བཙུགས་པ་ཡོངས་རྫོགས་ཕྱིར་འཐེན་བྱེད་དགོས་པའི་གྲོས་ཆོད་བཞག་པ་དེ་དག་ལ་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་གསུངས་འདུག
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་གནང་བར་བརྟེན་ནས་བཀྲིས་དབང་ཕྱུགས་ལགས་ཀྱིས་ཁ་བྲལ་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ནས་ཚེས་༢༢་ཉིན་ཡུལ་ཤུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་ལྔའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་གཅད་ཡོད་པ་རེད།  ཁོང་ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༡་པའི་ཚེས་༢༧་ཉིན་འཛིན་ཟུང་བཀག་ཉར་བྱས་ཡོད་པ་རེད༎

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎