བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ལྔ་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་དྲྭ་ཚིགས་དབུ་འབྱེད།

2021.12.10
བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ལྔ་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་དྲྭ་ཚིགས་དབུ་འབྱེད། བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ལྔ་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་དྲྭ་ཚིགས་ཀྱི་མདུན་ངོས།
TCHRD

ཕྱི་ཟླ་༡༢་བའི་ཚེས་༡༠་ཉིན་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་འབྲེལ་ལྟེ་གནས་ཁང་གིས་ཕྱི་ལོ་༡༩༩༠་ནས་ཉར་ཚགས་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་༥༥༠༠་ལྷག་གི་འདྲ་པར་དང་གནས་ཚུལ་འཁོད་པའི་གནས་བསྡུས་རེའུ་མིག་དྲྭ་ཚིགས་སུ་བསྐྱར་སྒྲིག་འདོན་སྤེལ་བྱས་སོང་། དེའི་ནང་ད་བར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་༥༥༢༠་ལྷག་ལ་དུས་ཡུན་རིང་ཐུང་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལས། ད་ལྟའི་ཆར་དངོས་ནས་ཤེས་རྟོགས་བྱུང་བའི་ཁྲོད་བོད་མི་༣༠༦༠་ཀློད་གྲོལ་ཐོབ་ཡོད་པ་གསལ་འདུག་ལ་དེ་བཞིན་ཆབ་སྲིད་བཙོན་པ་ཚོའི་ལོ་རྒྱུས་དང་བཙོན་མཇུག་གི་གནས་ཚུལ། དེ་བཞིན་ཆབ་སྲིད་བཙོན་པ་དེ་དག་བོད་ནང་གི་ས་ཕྱོགས་གང་ནས་ཡིན་པ་སོགས་ས་ཁྲའི་ལམ་ནས་ཀྱང་གསལ་སྟོན་བྱས་འདུག སྐབས་དེར་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ནས། དེ་རིང་གི་ཉིན་མོ་དང་བསྟུན་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྡེ་ཁག་དང་མི་སྒེར་ཡོངས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་འདོན་རོགས་ཞེས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད་སྐོར་གསུངས་སོང་།
ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ནས། བོད་ཀྱི་ཆབ་སྲིད་བཙོན་པ་༥༥༠༠་ལྷག་གི་མཚན་གཞུང་ཡོད་པའི་དྲྭ་ཚིགས་འདི་བསྐྱར་སྒྲིག་བྱས་པའི་གོ་རིམ་གྱི་ཁྲོད། ང་ཚོས་སྔ་མོ་ནས་ཉར་ཚགས་བྱས་པའི་ཡིག་ཚགས་རེ་རེ་བཞིན་ཞིབ་བཤེར་དང་སྐབས་སོ་སོའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་ཚུལ་སྔ་ཕྱི་བར་གསུམ་ཀུན་ལ་རྩད་ཞིབ་ནན་པོ་བྱས་ཏེ་གཟབ་ནན་ངང་བསྐྱར་སྒྲིག་བྱས་པ་ཡིན་པས། གནས་ཚུལ་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཉམས་ཞིབ་པ། ཕྱི་ནང་གི་ཚོགས་སྒེར་གྱི་མི་སྣ་སུས་གཟིགས་ཀྱང་དྲྭ་ཚིགས་འདི་ཉིད་འདས་པའི་མི་ལོ་༣༠་ལྷག་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་བོ་རྟོགས་བྱེད་ཀྱི་སྒེའུ་ཁུང་ལྟ་བུར་ངོས་འཛིན་ཞུ་ཆོག་པ་ཡིན་ཡིན་སྐོར་གསུངས་སོང་།
དེ་བཞིན་ལྟེ་གནས་ཁང་དེའི་དྲ་རྒྱའི་སྟེང་དེ་འབྲེལ་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་བོད་དུ་ཡོང་སྟེ་ངེས་པར་དུ་བསྒྲུབ་དགོས་པའི་དོན་ཚན་དགུ་བགྲངས་པའི་ནང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་དང་། རྒྱ་ནག་གི་འོག་ཏུ་མི་རིགས་མཐུན་སྒྲིལ་ཡོང་ཐབས་སུ་ཁ་གཡར་ནས་མི་རིགས་ཁག་གི་བར་སྤེལ་རིས་དང་མཉམ་འདྲེས་བྱ་དགོས་པའི་སྐུལ་མ་ཤུགས་དྲག་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་དང་། བོད་མི་ཤེས་ཡོན་མི་སྣ་མང་པོ་ཞིག་གང་བྱུང་འཛིན་བཟུང་བཙན་ཁྲིད། བོད་མིའི་ངོ་བོ་རྩ་བརླག་ཏུ་བཏང་སྟེ་བོད་རིགས་རྒྱ་རིགས་སུ་བསྒྱུར་ཐབས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟེར་བ་ཡོད་དགོས་པ། བོད་ནང་གི་སྔོན་འགྲོའི་སློབ་གྲྭ་ཡན་ཆད་དུ་རྒྱའི་སྤྱི་སྐད་སློབ་དགོས་པའི་སྒྲིག་གཞི་བཟོས་ཏེ་སྒེར་གཉེར་སློབ་གྲྭ་ཁག་བཙན་ཐབས་ཀྱིས་སྒོ་བརྒྱབ་བཅུག་པ་སོགས། བོད་ནང་གི་བོད་མི་ཚོའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏན་ནས་མེད་པ་མ་ཟད་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་མངོན་གསལ་ཡིན་པ་བཏོན་འདུག
ལོ་ལྟར་ཕྱི་ཟླ་༡༢་བའི་ཚེས་༡༠་ཉིན་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ངོས་འཛིན་སྲུང་བརྩི་གནང་བཞིན་ཡོད་པ་དང་། འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་ཆེད་བརྗོད་འབོད་ཚིག་དེ་འདྲ་མཉམ་ཞེས་པ་ཡིན་པ་རེད་ལ། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་དང་པོའི་ནང་དུ། མི་ཐམས་ཅད་སྐྱེས་དུས་ནས་རང་དབང་ཡིན་ལ་ཆེ་མཐོང་དང་ཐོབ་ཐང་འདྲ་མཉམ་ཡིན་ཞེས་འཁོད་ཡོད་པ་བཞིན། གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༢༠༣༠་ལོའི་ཡུན་གནས་གོང་འཕེལ་གྱི་དམིགས་ཚད་ཀྱི་རྩ་བ་ཡང་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎