རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་འཛིན་བཞིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་བཏོན་ཡོད་པ།

2022.05.11
རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་འཛིན་བཞིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་བཏོན་ཡོད་པ། རྒྱ་ནག་གཞུང་གིས་བོད་ནང་སྐད་ཡིག་དང་ཤེས་ཡོན་ལས་དོན་པ་ཚོ་འཛིན་བཟུང་བཙན་ཁྲིད་དང་། སྒེར་བཙུགས་སློབ་གྲྭ་ཁག་སྒོ་བརྒྱབ་ནས་གཞུང་གི་སློབ་གྲྭ་ལ་དམར་ཤོག་དང་རྒྱ་མི་རིགས་ཀྱི་རིག་གཞུང་གོམས་གཤིས་ཤུགས་ཆེར་བསླབ་བཞིན་པ་སོགས་འཁོད་འདུག
RFA Dhasa/ Dhonyoe

བཞུགས་སྒར་དུ་རྟེན་གཞི་ཆགས་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། ལྷོ་ཀོ་རི་ཡའི་ནང་གི་ཨེ་ཤེ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་(Asian Dignity Initiative)གཉིས་མཉམ་རུབ་གནང་སྟེ། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་དབང་འོག་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ཞེས། དམིགས་བསལ་སྙན་ཐོ་ཞིག་སྤྱི་ཟླ་༥པའི་ཚེས་༡༡ཉིན་འདོན་སྤེལ་གནང་ཡོད་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་དབང་འཛིན་སྐབས་གཉིས་པ་ནས་བཟུང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་སྐད་ཡིག་རིག་གཞུང་རྩ་མེད་གཏོང་བར། གཞུང་འབྲེལ་གྱི་འཆར་གཞི་ལྡན་པའི་སྲིད་བྱུས་ལག་ལེན་དུ་བསྟར་བཞིན་པ་འགྲེལ་བརྗོད་གནང་གི་འདུག

ཁ་བྱང་དུ་ང་ཚོའི་རུང་རྐང་འཇིབས་སོང་ཟེར་བའི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་ཐོབ་ཐང་སྐོར་གྱི་དམིགས་བསལ་སྙན་ཐོ་དེར། རྒྱ་ནག་གཞུང་གིས་དུས་རབས་གསར་པའི་མི་རིགས་སྲིད་ཇུས་དང་ཞི་ཅིན་ཕིང་གི་སློབ་གསོའི་ལམ་ལུགས་ཀྱི་མིང་ཐོག་ནས། བོད་མི་ལོ་ཆུང་དང་ན་གཞོན་ཚོ་དམིགས་འབེན་དུ་བཟུང་སྟེ། ཁོང་ཚོར་རྒྱ་ནག་པེ་ཅིང་གི་སྐད་གདངས་ཤུགས་ཆེར་བསླབ་བཞིན་པ་དེས། རྒྱ་ནག་གི་རྩ་ཁྲིམས་སུ་འཁོད་པའི་མི་རིགས་རང་སྐྱོང་དང་མི་རིགས་དབྱེ་འབྱེད་མི་བྱེད་པའི་དོན་ཚན་ཁག་རྡོག་རོལ་བཏང་བ་འཁོད་ཡོད་ཅིང་། ཨེ་ཤེ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པའི་འགན་འཛིན་ཁེ་ནམ་ཁེམ་Kinam་Kimལགས་ནས། རྒྱ་ནག་གཞུང་གིས་དེང་སང་མངོན་གསལ་དོད་པོས་བོད་ནང་ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་འཕྲོག་སྟེ། བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་འཛིན་བཞིན་པ་འགྲེལ་བརྗོད་གནང་གི་འདུག

ཤེས་ཡོན་མེད་པའི་སྤྱི་ཚོགས་ལ་མ་འོངས་པ་མེད་པ་དང་སོ་སོའི་སྐད་ཡིག་རྩ་བརླག་ཏུ་ཕྱིན་པ་དང་ཆབས་ཅིག་མི་རིགས་དེའི་ངོ་བོ་ཡང་བརླག་འགྲོ་ཡི་ཡོད་ཅིང་། བོད་ནང་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབས་པ་དང་དགེ་རྒན་རིན་ཆེན་སྐྱིད་བཙོན་འཇུག་གི་གནས་ཚུལ་དངོས་སུ་བྱུང་བ་ལྟ་བུ་ནི། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་རྡོག་རོལ་བཏང་བ་ཙམ་མིན་པར། འགྲོ་བ་མི་རེ་རེའི་གཞི་རྩའི་ཐོབ་ཐང་འཕྲོག་པ་ར་འཕྲོད་གསལ་བོ་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ནས།སྙན་ཐོ་འདི་ལས་རྒྱ་ནག་གཞུང་གིས་མངོན་གསལ་གྱི་ཐོག་ནས་བོད་ཀྱི་རིག་གཞུང་བཙན་བསྒྱུར་དང་། མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ར་སྤྲོད་བྱས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཤོག་ངོས་༣༥ཅན་གྱི་སྤྱི་ལོ་༢༠༢༢ལོའི་སྙན་ཐོ་དེར། རྒྱ་ནག་གཞུང་གིས་བོད་ནང་སྐད་ཡིག་དང་ཤེས་ཡོན་ལས་དོན་པ་ཚོ་འཛིན་བཟུང་བཙན་ཁྲིད་དང་། སྒེར་བཙུགས་སློབ་གྲྭ་ཁག་སྒོ་བརྒྱབ་ནས་གཞུང་གི་སློབ་གྲྭ་ལ་དམར་ཤོག་དང་རྒྱ་མི་རིགས་ཀྱི་རིག་གཞུང་གོམས་གཤིས་ཤུགས་ཆེར་བསླབ་བཞིན་པའི་ཁར། ཐ་ན་བོད་བརྒྱུད་ནང་བསྟན་ཡང་རྒྱ་ཡིག་ནང་སློབ་ཁྲིད་ཀྱི་ལམ་སྲོལ་བཟོས་ཡོད་པ་སོགས་འཁོད་ཡོད་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་མཉམ་བསྒྲུབས་ལས་རོགས། ཨེ་ཤེ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་ནི་སྤྱི་ལོ་༢༠༡༦ལོར་བཙུགས་ཏེ། ལྷོ་ཤར་དང་དཀྱིལ་ཤར་ཨེ་ཤེ་ཡ་སོགས་ཀྱི་རྩོད་རྙོག་ཆེ་བའི་ཡུལ་གྲུ་ཁག་ཏུ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནས་བབ་ལ་རྟོག་ཞིབ་གནང་མཁན་གྱི་ཚོགས་སྡེ་ཞིག་ཡིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎