ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་སུ་ལོ་བཅོ་བརྒྱད་ཀྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག

2022.07.26
Share on WhatsApp
Share on WhatsApp
ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་སུ་ལོ་བཅོ་བརྒྱད་ཀྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

དེ་ཡང་རྒྱ་གར་རྡ་རམ་སཱ་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་རྗེས་ཡུན་རིང་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་ནག་ཆུ་ས་ཁུལ་ཤག་རོང་རྟ་ཆེན་ཡུལ་ཚོ་ལྔ་པ་སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས། སྤྱི་ལོ་༢༠༡༩ཟླ་༥ཚེས་༢༤ཉིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་ལས་ཀར་མཐུན་འགྱུར་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར། དེ་བཞིན་རྒྱལ་ཁབ་ཁ་བྲལ་སོགས་ཀྱི་ཉེས་མིང་འོག་མི་ལོ་༡༨ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཤེས་ཡོན་ཅན་དང་། ཚོང་པ། ཆེད་ལས་བ་སོགས་བོད་མི་ནུས་བ་ལྡན་པ་ཚོར་ཐབས་ལམ་འདྲ་མིན་གྱི་སྒོ་ནས་དམ་དྲག་སྟངས་འཛིན་དང་། འཛིན་བཟུང་བཀག་ཉར། བཙོན་འཇུག་ཁྲིམས་ཆད་གཏོང་བ་སོགས་བྱེད་བཞིན་པའི་ཁྲོད་ནས་བསྟན་འཛིན་ཆོས་འཕེལ་ལགས་གཅིག་ཆགས་ཡོད། ཁོང་གིས་སྤྱི་ཚོགས་ཞབས་ཞུ་དང་མཉམ་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཆེད་གྲུབ་འབྲས་ཕན་ནུས་ལྡན་པ་མང་པོ་གནང་ཡོད། དེའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་དང་ད་ཆ་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོས་བ་སོགས་ཉེས་མིང་འདྲ་མིན་བཙུགས་ནས་ཁྲིམས་ཆད་བཅད་ཡོད་པ་ནི་མ་ཉེས་ཁ་གཡོག་ཡིན་པ་གསུངས་བྱུང་།
དེ་སྔ་སྤྱི་ལོ༢༠༡༨ལོར་འདི་ག་རླུང་འཕྲིན་ཁང་གི་གནས་ཚུལ་བཏང་དོན་ལྟར་ན། ཁོང་སྤྱི་ལོ་༢༠༡༨ལོའི་ཟླ་༣པའི་ཟླ་མཇུག་ཙམ་ལ་ལྷ་སའི་གོང་དཀར་གནམ་ཐང་ནས་རྒྱ་གཞུང་གི་ཉེན་རྟོག་པས་གློ་བུར་བསྟན་འཛིན་ཆོས་འཕེལ་ལགས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་ནས་ཡུན་རིང་གནས་སྟངས་གསལ་ཆ་མེད་པར་གྱུར་ཡོད་པ་རེད།
ཁོང་འཛིན་བཟུང་བྱས་རྗེས་ཉེན་རྟོག་པས་ཁྱིམ་ལ་སྔོག་བཤེར་བྱས་སྐབས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་དང་། ༧གོང་ས་མཆོག་གི་སྐུ་པར་འགའ་ལག་སོན་བྱུང་ཡོད་པ་འབྲེལ་ཡོད་བོད་མིས་སྐབས་དེར་འགྲེལ་བརྗོད་གནང་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་ནང་གསལ་ལྟར་ན། བསྟན་འཛིན་ཆོས་འཕེལ་ལགས་ཀྱི་ནང་མི་རྣམས་ཀྱིས་ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༡༠པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་མི་མང་ཁྲིམས་ཁང་ལ་ཁོང་གི་ཁྲིམས་ཆད་ཐད་ཞུ་གཏུག་གནང་ཡོད་ཀྱང་། ཁྲིམས་ཁང་གིས་དེར་བདག་སྤྲོད་གནང་མེད་པ་དང་། ཁོང་ད་ཆ་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་བཙོན་འཇུག་བྱེད་མུས་ཡིན་འདུག
བསྟན་འཛིན་ཆོས་འཕེལ་ལགས་ནི་བོད་ཀྱི་ལ་རྒྱ་ལྡན་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བོད་མི་ཉམ་ཐག་ལ་རོགས་སྐྱོར། བོད་ཀྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གང་ཞིག་ཡོད་ཀྱང་དེའི་ཐད་ལ་དཔལ་འབྱོར་གྱི་ཞལ་འདེབས་འབུལ་མྱོང་ཡོད་འདུག ལྷག་པར་དུ་ལོ་ཤས་སྔོན་ནས་ནག་ཆུ་བྱི་ནགས་འཁོར་གསུམ་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁ་སོགས་ལ་སྲུང་སྐྱོབ་ཆེད་དུ་རྫོང་དང་ལྗོངས་རིམ་པ་བརྒྱུད་ནས་གནས་རི་དང་། གནས་ས་མང་པོ་ཞིག་རྒྱ་ནག་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡིག་ཆ་བཞག་པ་དང་ལོ་རྒྱུས་ཀྱི་རྡོ་རིང་སློང་བ་སོགས་ཀྱི་ལས་གཞིའི་ཐད་ལའང་དཔལ་འབྱོར་གྱི་འགྲོ་གྲོན་མང་དག་བཏང་མྱོང་ཡོད་འདུག

གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎