བོད་རིགས་གཞོན་སྐྱེས་བསྟན་འཛིན་ཆོས་འཕེལ་ལགས་གཟུགས་སྟོབས་འགྲན་བསྡུར་ཁྲོད་ཨང་རིམ་གསུམ་པ་སོན་ཡོད་འདུག

2022.07.19
Share on WhatsApp
Share on WhatsApp
བོད་རིགས་གཞོན་སྐྱེས་བསྟན་འཛིན་ཆོས་འཕེལ་ལགས་གཟུགས་སྟོབས་འགྲན་བསྡུར་ཁྲོད་ཨང་རིམ་གསུམ་པ་སོན་ཡོད་འདུག
Photo: RFA

འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་ཡིན་པ་བོད་རིགས་གཞོན་སྐྱེས་བསྟན་འཛིན་ཆོས་འཕེལ་ལགས་འདི་ཚེས་༡༥ ནས་ ༢༡ བར་གཟའ་འཁོར་གཅིག་རིང་ལྷོ་ཨེ་ཤེ་ཡའི་གླིང་ཕྲན་མེལ་ལྡིབ(Maldives) ནང་ཚོགས་བཞིན་པའི་ཨེ་ཤེ་ཡའི་གཟུགས་སྟོབས་དང་གཟུགས་པོའི་ཆགས་བབས་འགྲན་བསྡུར་ཐེངས་ ༥༤  ཐོག་ཁྱོན་རྒྱལ་ཁབ་ཁག་ ༢༤  ནས་ཕེབས་པའི་འགྲན་རྩོད་པ་བཞི་བརྒྱ་ལྷག་གི་ནང་ནས་ཁོང་ཨང་རིམ་གསུམ་པ་ལོན་ཐུབ་པ་བྱུང་འདུག  དེའི་སྐོར་བསྟན་འཛིན་ཆོས་འཕེལ་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད། མ་འོངས་པར་མུ་མཐུད་འབད་བརྩོན་གྱིས་འགྲན་བསྡུར་འདྲ་མིན་ནང་ཞུགས་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་སོང་།

དེ་བཞིན་ད་རེས་བསྟན་འཛིན་ཆོས་འཕེལ་ལགས་ཨེ་ཤེ་ཡའི་གཟུགས་སྟོབས་དང་གཟུགས་པོའི་ཆགས་བབས་འགྲན་བསྡུར་ནང་ཨང་རིམ་གསུམ་པ་ལོན་པར་ཁོང་གི་མ་ལྷ་མོ་ཆོས་སྒྲོན་ལགས་ལ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་ད་བར་ཁོང་གིས་བུ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་འདུག་ལ། ཡང་བསྟན་འཛིན་ཆོས་འཕེལ་ལགས་ནས་བོད་པའི་གཞོན་སྐྱེས་ལུས་སྟོབས་སྦྱོང་བརྡར་ལ་དོ་དབྱིངས་ཡོད་མཁན་ཚོ་ལ་གཟུགས་པོའི་འཕྲོད་སྟེན་ནི་ང་ཚོའི་མི་ཚེའི་ནང་གི་རྒྱུ་ནོར་ཆེ་ཤོས་ཞིག་ཡིན་དུས་བོད་པའི་གཞོན་སྐྱེས་ཚོས་ངེས་པར་དུ་ལུས་སྦྱོང་དང་འཕྲོད་བསྟེན་གྱི་གོམས་གཤིས་དང་སྤྱོད་ལམ་ཐོག་དོ་སྣང་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་ཀྱི་འདུག། 

IMG_2716.jpg

བསྟན་འཛིན་ཆོས་འཕེལ་ལགས་རིང་མིན་ཕྱི་ཟླ་ ༡༢ ཚེས་ ༦ ནས་ ༡༢ བར་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཐའི་ལན་ཊ་ནང་གི་གླིང་ཕྲན་ཕུ་ཀེཊ་(Phuket) ནང་ཚོགས་རྒྱུའི་འཛམ་གླིང་གཟུགས་སྟོབས་དང་གཟུགས་པོའི་ཆགས་བབས་འགྲན་བསྡུར་ཐེངས་ ༡༣ ཐོག་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་དེའི་ཆེད་དུ་ཁོང་ནས་སྦྱོང་བརྡར་དམིགས་བསལ་དང་འཕར་མ་ཞིག་གནང་ནས་མཐའ་མའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་རྒྱུའི་ཆེད་དུ་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་ཀྱི་འདུག

བསྟན་འཛིན་ཆོས་འཕེལ་ལགས་ནི་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་དུ་སྐྱེས་པ་ཞིག་དང་། ཁོང་ནས་གཞི་རིམ་སློབ་སྦྱོང་སྒང་ཏོག་སྐྱིད་བདེ་ཁང་སློབ་གྲྭ་དང་དེ་ནས་འཛིན་རིམ་ ༡༡ དང་༡༢ བཀྲ་ཤིས་རྣམ་རྒྱལ་སློབ་གྲྭ་དང་དེ་རྗེས་ཀོལ་ཀ་ཏ་མཐོ་རིམ་སློབ་གྲྭ་ནས་གཙུག་ལག་སློབ་ཐོན་བྱུང་ཡོད་འདུག ཁོང་ད་ལྟའི་ཆར་འབྲས་གཞུང་ནང་སྲིད་ལས་ཁུངས་ནང་ཕྱག་ལས་གནང་མུས་ཡིན་པ་མ་ཟད་། དུས་ཚོད་ནམ་བྱུང་ལ་ལུས་སྟོབས་སྦྱོང་བརྡར་ཁང་དུ་སྦྱོང་བརྡར་གནང་གི་ཡོད་པ་རེད་འདུག ཁོང་ནས་ཕྱི་ལོ་ ༢༠༡༧ ལོ་ནས་དངོས་སུ་ལུས་སྟོབས་སྦྱོང་བརྡར་འགོ་བཙུགས་ཀྱིས་འདས་པའི་ལོ་ལྔའི་ནང་ཁོང་ནས་གཟུགས་སྟོབས་འགྲན་བསྡུར་Body building Contest མང་པོའི་ནང་ཞུགས་གནང་མྱོང་ཡོད་པ་མ་ཟད་བྱ་དགའ་ཡང་མང་དག་ཅིག་ཐོབ་ཡོད་པ་རེད་འདུག  ཡང་འདི་ལོའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་འབྲས་ལྗོངས་ནང་གི་བོད་པའི་ཚོགས་སྐྱིད་ཁག་མཐུན་མོང་ནས། བསྟན་འཛིན་ཆོས་འཕེལ་ལགས་ནས་ལུས་སྟོབས་སྦྱོང་བརྡར་གྱི་རྩེད་འགྲན་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་དང་བོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་བློ་སྤོབས་སྤེལ་བར་ཁོང་ལ་ལེགས་གསོའི་བྱ་དགའ་ཕུལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎